༸གོང་ས་མཆོག་ཕེ་རན་སིར་ཆིབས་བསྒྱུར།
2009.06.05
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟའ་སྤེན་པའི་ཉིན་ཕེ་རན་སི་ཡུལ་གྲུའི་ནང་ཆིབས་བསྒྱུར་བསྐྱངས་ཏེ་དུས་ཡུན་ཉིན་གཉིས་རིང་ཡུལ་དེའི་ནང་མཛད་འཕྲིན་ཁག་སྐྱོངས་གནང་འཆར་ཡོད་པ་དང་དེའི་རིང་ཁུལ་དེའི་ནང་ཡོད་པའི་རྒྱ་མི་རིགས་ཚོ་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཞིག་ཀྱང་ཡོད་པ་ཕེ་རན་སིའི་རྒྱལ་ས་པེ་རི་སི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང་འཁོད་ཡོད་འདུག
ཕེ་རན་སི་རྒྱལ་ས་དང་དེའི་རྒྱུད་དུ་གནས་པའི་རྒྱ་མི་རིགས་ཚོ་དང་ལྷན་དུ་གཟའ་སྤེན་པའི་ཉིན་མཇལ་འཕྲད་གནང་འཆར་ཡོད་ཅིང་དེ་ཡང་དེའི་སྔོན་ཨ་རིའི་ནང་དང་འཇར་མ་ནིའི་ནང་༸གོང་ས་མཆོག་ནས་རྒྱ་རིགས་ཚོ་དང་མཇལ་འཕྲད་གནང་བ་དང་གཅིག་མཚུངས་ཡིན་ཞིང་ད་ལྟའི་ཆར་ཕེ་རན་སི་ཁུལ་དུ་གནས་པའི་རྒྱ་མི་རིགས་མང་པོ་ཞིག་གིས་༸གོང་ས་མཆོག་གི་ཞལ་མཇལ་འདོད་ཡོད་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་གཟའ་ཉི་མའི་ཉིན་ཕེ་རན་སིའི་རྒྱལ་ས་གྲོང་ཁྱེར་པེ་རི་སིའི་སྤྱི་ཁྱབ་སྦར་ཀྲེན་ཌེ་ལ་ནོ་ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་པེ་རི་སིའི་དམིགས་བསལ་གྲོང་མིའི་མཚན་རྟགས་འབུལ་བཞེས་གནང་རྒྱུ་ཡིན་ཞིང་དེའི་ཉིན་པེ་རི་སི་གྲོང་ཁྱེར་ལས་འཛིན་ལྷན་ཁང་གི་ལྗང་ཁུ་ཚོགས་པའི་འཐུས་མི་ཚོས་གྲོང་ཁྱེར་ལྷན་ཁང་དང་ཉེ་འཁྲིས་སུ་གནས་པའི་རང་སོ་སོའི་གཞུང་ལས་ཁང་གི་སྒེའུ་ཁུང་ནང་ནས་༸གོང་ས་མཆོག་གི་སྐུ་དཔར་དང་དེ་བཞིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དེང་སྐབས་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པ་ལྦུ་འུ་ཅའ་ཡི་དཔར་འགྲེམས་རྒྱུ་ཡིན་འདུག