༸གོང་ས་མཆོག་གིས་རྒྱ་ནག་མི་སྣ་དང་ཐད་ཀར་བཀའ་མོལ།
2011.01.06
༄༅༎༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནང་གི་དམངས་གཙོ་དོན་གཉེར་ཅན་དང་དྲ་བརྙན་གྱི་བརྒྱུད་ལམ་ཐོག་ནས་ ཐད་ཀར་བཀའ་མོལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཕ་ཡུལ་དྲ་རྒྱུའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ ཚེས་༤ཉིན་བཞུགས་སྒར་རྡ་རམ་ས་ལར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཟིམ་ཆུང་ནས་ཀམ་པིའུ་ཊར་དྲ་བརྙན་གྱི་བརྒྱུད་ལམ་ཐོག་ནས་༸གོང་ས་མཆོག་གིས་རྒྱ་ནག་ནང་སྤྱི་དམངས་ཀྱི་རང་དབང་འཐབ་རྩོད་གནང་མཁན་རྒྱ་རིགས་ཅིའང་ཐན་དབྱོང་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྒྱ་རིགས་ཐེང་བའོ་གཉིས་ཀྱི་ལྷན་དུ་རྒྱ་བོད་འབྲེལ་བའི་གནད་དོན་ཇེ་སྙེད་སྐོར་དགོངས་ཚུལ་སྤེལ་རེས་དང་བཅར་འདྲི་དང་ལེན་གནང་ཡོད་པ་དང་ སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ནས་གསུངས་བསྒྱུར་ཞུས་ཡོད་པ་རེད་ དྲ་བརྙན་བརྒྱུད་བཀའ་གྲོས་གནང་པའི་སྐབས་རྒྱ་རིགས་ཏེང་བའོ་གིས་རྒྱ་རིགས་དང་བོད་རིགས་མི་མང་དབར་དང་ དེ་བཞིན་རྒྱ་རིགས་དང་བོད་རིགས་མཁས་པའི་མི་སྣའི་དབར་ཞལ་སང་ཐོག་ནས་བགྲོ་གླེང་དང་གོ་རྟོགས་སྤེལ་རྒྱུ་དེ་བཞིན་ ཞི་བའི་ལམ་ནས་རྒྱ་བོད་དཀའ་རྙོག་སེལ་རྒྱུའི་ཐབས་ཤེས་བཟང་ཤོས་ཡིན་སྐོར་དང་ ཡང་རྒྱ་བོད་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་༸གོང་ས་མཆོག་གི་དགོངས་གཞི་ཇི་ཡོད་དང་ དེ་བཞིན་འགོག་རྐྱེན་ཇི་ལྟར་གཟིགས་ཀྱི་ཡོད་མེད་སྐོར་བཀའ་འདྲི་ཞུས་ཡོད་པ་རེད་ ཡང་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་གནང་མཁན་རྒྱ་རིགས་ཁྲིམས་རྩོད་པ་ཅིའང་ཐན་དབྱོང་གིས་ཉེ་ཆར་ལྦི་ཀི་ལིཀ་Wikileakདྲ་རྒྱུའི་ཐོག་གསང་བ་ཕྱིར་བསྒྲགས་བྱེད་པའི་གནས་ཚུལ་ནང་༸གོང་ས་མཆོག་ནས་ད་ལྟའི་འཆར་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་བའི་གནད་དོན་ལས་བོད་ཀྱི་འཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཛ་དྲག་ཆེ་བ་ཡིན་པའི་སྐོར་རྒྱ་གར་ནང་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོར་གསུང་ཡོད་ལུགས་ཀྱི་གནས་ཚུལ་དེ་བདེན་པ་ཇི་ཙམ་ཡིན་མིན་དང་འཁོར་ཡུག་གི་གནད་དོན་སེལ་ཐབས་སུ་དགོངས་གཞི་ཇི་ཡོད་སྐོར་བཀའ་འདྲི་ཞུས་ཡོད་པ་རེད་ གཞན་ཡང་༸གོང་ས་མཆོག་དང་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་དབར་དྲ་བརྙན་གྱི་བཀའ་གྲོས་དེའི་སྐབས་རྒྱ་རིགས་མི་སྣས་༸གོང་ས་མཆོག་ལ་སྐུ་གཤེགས་ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱི་ཐད་༸གོང་ས་མཆོག་གིས་གཟིགས་ཚུལ་ཇི་ཡོད་དང་ དེ་བཞིན་༸གོང་ས་མཆོག་ནས་ཐའེ་ལྦན་གྱི་གཞུང་ངོས་འཛིན་གནང་གི་ཡོད་མེད་སོགས་ཀྱི་སྐོར་བཀའ་འདྲི་ཞུས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་ཀྲུ་ལྦི་ཀྲར་དྲ་གནས་བརྒྱུད་རྒྱ་ནག་ནས་རྒྱ་རིགས་མི་སྣ་ཚོའི་བཅར་འདྲི་དང་ལེན་ཐེངས་གཉིས་ཙམ་གནང་ཡོད་རུང་ ཀམ་པིའུ་ཊར་དྲ་བརྙན་བརྒྱུད་ཀར་བཀའ་མོལ་གནང་བ་ད་རེས་ཐོག་མ་དེ་ཡིན་ཞིང་སྐབས་འདིའི་ལས་རིམ་དེ་ཡང་དེ་སྔོན་ཀྲུ་ལྦི་ཀྲར་དྲ་རྒྱུའི་མཛད་རིམ་ལྟར་རྒྱ་རིགས་མཁས་དབང་ལྦང་ལི་ཤོང་གིས་གོ་སྒྲིག་ཞུས་ཡོད་པ་རེད་༎