༸གོང་ས་མཆོག་གིས་སུད་ཌེན་དུ་མཛད་འཕྲིན་ལེགས་གྲུབ།
2011.04.18
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སུད་ཌེན་ནང་ཉིན་མཐའ་མའི་མཛད་འཕྲིན་ལེགས་པར་སྒྲུབ་གནང་ཏེ་ཌེན་མཀ་ཁུལ་དུ་ཆིབས་ཞལ་བསྒྱུར་གནང་མཛད་འདུག
ཕྱི་ཟླ་བཞི་པའི་ཚེས་༡༧གཟའ་ཉི་མའི་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སུད་ཌེན་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མར་སྔ་དྲོ་ ལུན་ཊ་གྲོང་ཁྱེར་གྱི་ཚོགས་ཁང་ཆེན་མོའི་ནང་སློབ་ཕྲུག་༢༥༠ཙམ་འདུ་འཛོམས་ཀྱི་ཐོག་བཀའ་སློབ་དང་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་བསྩལ་གནང་མཛད་འདུག སློབ་ཕྲུག་དེ་རྣམས་ནི་སུད་ཌེན་གྱི་གྲོང་ཁྱེར་འདྲ་མིན་ཁག་༥༠ཙམ་གྱི་སློབ་གྲ་འདྲ་མིན་ཁག་༦༠ཙམ་ནས་ཕེབས་པ་ཡིན་ཞིང་ དེ་རྗེས་༧གོང་ས་མཆོག་ལུཎྚ་ཡེ་ཤུའུ་ཚོགས་ཁང་དུ་གཟའ་ཉི་མའི་ཉིན་ཡི་ཤུའུ་སྨོན་ལམ་གསོལ་འདེབས་ཀྱི་ཚོགས་ཆེན་དུ་ཆིབས་སྒྱུར་སྐྱོངས་སྐབས་ ཆོས་ཁང་དེའི་ཡེ་ཤུའི་བླ་ཆེན་སྦི་ཤོབ་མཆོག་གིས་༧གོང་ས་མཆོག་ལ་ཕེབས་བསུ་ཞུས་པ་དང་ དེའི་སྐབས་ཡི་ཤུའི་ལྷ་ཁང་དུ་སྨོན་ལམ་གསོལ་འདེབས་སུ་ཕེབས་མཁན་མི་གྲངས་ཆིག་སྟོང་ལྷག་ཡོད་པ་དང་ ༧གོང་ས་མཆོག་ནས་སྨོན་ལམ་གྲུབ་མཚམས་སུ་ཡེ་ཤུའི་ཆོས་དད་པ་ཚོར་བཀའ་སློབ་སྩལ་བའི་ནང་ སྐུ་ཉིད་དམིགས་བསལ་སྨོན་ལམ་གསུང་འདོན་གྱི་ཚོགས་ཆེན་འདིར་བཅར་ཐུབ་པར་ཆེ་ཐོངས་ཧ་ཅང་ཆེན་པོ་ཐོབ་པ་དང་ ཚོགས་ཆེན་འདི་ལྟ་བུས་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུར་ཕན་ཐོགས་ཡོང་གི་ཡོད་ལ་ ཆོས་དད་བྱེད་རྒྱུ་དེ་ལྷ་ཁང་ནང་ཕྱིན་པ་ཙམ་མིན་པར་ཕྱི་ལའང་ཁྱབ་ཐུབ་པ་ཞིག་དགོས་ ཆོས་དད་བྱེད་རྒྱུ་དེ་ལྷ་ཁང་ཙམ་གྱི་ནང་ལུས་པ་ཡིན་ན་ཆོས་དེར་ནུས་པ་དེ་ཙམ་ཐོན་མི་ཐུབ་ཅེས་བཀའ་སློབ་སྩལ་འདུག དེ་རྗེས་༧གོང་ས་མཆོག་ལ་སུད་ཌེན་ངལ་སེལ་ཚོགས་པས་གསོལ་སྟོན་འབུལ་ལམ་ཞུས་པ་དང་ དེའི་ཐོག་༧གོང་ས་མཆོག་ནས་ཚོགས་པ་དེས་ད་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ བོད་མི་རྣམས་ལ་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་མཛད་པ་དང་ དེ་རྗེས་༧གོང་ས་མཆོག་གིས་སུད་ཌེན་ཡུལ་ནང་གི་མཛད་འཕྲིན་ཁག་ལེགས་པར་སྒྲུབ་སྟེ་གྲན་མག་གི་རྒྱལ་ས་ཀོ་པེན་ཧ་གེན་དུ་ཆིབས་ཞལ་སྒྱུར་གནང་མཛད་འདུག