༧གོང་ས་མཆོག་གིས་རྒྱ་སྐད་བརྙན་འཕྲིན་ཐོག་བཀའ་མོལ།
2011.06.23
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཨོ་སི་ཀྲོ་ལི་ཡའི་ནང་གཟིགས་བསྐོར་གྱི་སྐབས་ ཨོ་སི་ཀྲོ་ལི་ཡའི་ནང་རྒྱང་སྲེང་བྱེད་བཞིན་པའི་རྒྱ་སྐད་བརྙན་འཕྲིན་ SBS Two ཞེས་པར་ བོད་ཀྱི་གནད་དོན་དང་འབྲེལ་གནད་དོན་མང་པོ་ཞིག་ཐོག་བཀའ་མོལ་གནང་ཡོད་ཅིང་ དེའི་ནང་བརྙན་འཕྲིན་གྱི་གསར་འགོད་པས་༧གོང་ས་མཆོག་ལ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་རྙོག་དྲ་བཟོ་མཁན་ཡིན་པའི་སྐྱོན་བརྗོད་ཐད་འཚོར་སྣང་ཇི་འདྲ་ཡོང་མིན་བཀའ་དྲིས་ཞུས་ཡོད་པར་ ༧གོང་ས་མཆོག་གིས་ཞལ་གད་དང་བཅས་ སྐྱོན་བརྗོད་དེ་བཙུགས་པར་ཐོག་མར་ངས་ཉུང་མཐར་ཡང་ དཀའ་ངལ་ཆུང་ཆུང་ཞིག་བཟོ་དགོས་ཀྱི་ཡོག་རེད་ལ་ ལར་ནས་མང་ཚོགས་ཀྱིས་དངོས་ཡོད་དྲང་བདེན་གང་ཡིན་དཔྱད་པ་ཐུབ་རྒྱུ་ཡོད་པར་ སྐྱོན་བརྗོད་དེ་རིགས་ལ་ཐུགས་ཁྲལ་གང་ཡང་ཡོང་གི་མེད་སྐོར་གསུངས་ཡོད་པ་རེད་
ཡང་གོང་ཞུས་བརྙན་འཕྲིན་གྱི་གསར་འགོད་པས་ ཉེ་ལམ་༧གོང་ས་མཆོག་གིས་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་འཁུར་བཞེས་རྒྱུ་མིན་པའི་དགོངས་བཞེས་འདི་གཙོ་བོ་ རྒྱ་ནག་གཞུང་ལ་སྐུའི་ཡང་སྲིད་འདེམས་སྒྲུག་མ་ཐུབ་པ་བཟོ་ཆེད་ཡིན་མིན་བཀའ་དྲིས་ཞུས་པར་ ༧གོང་ས་མཆོག་གིས་དྲི་བ་འདིའི་བཀའ་ལན་དུ་ ད་ལྟ་༧གོང་ས་མཆོག་ལ་ཉུང་མཐར་ཡང་ལོ་བཅོ་ལྔ་ནས་ཉི་ཤུ་ཙམ་འཚོ་ཞུགས་བྱ་རྒྱུའི་གོ་སྐབས་ཡོད་པ་དང་ རྒྱ་ནག་གཞུང་ལ་ད་ལྟ་མང་ཚོགས་ཀྱི་དགའ་མོས་གང་ཙམ་ཡོད་པའི་ཏྭ་ལའི་བླ་མ་འདི་འཚོ་ཞུགས་ཀྱི་སྐབས་ ན་ཆུང་ཕྲུ་གུ་ཞིག་ལ་ཏྭ་ལའི་བླ་མར་བསྐོ་བཞག་བྱ་རྒྱུ་ལས་སླ་པོ་ཡོག་མ་རེད་ཅེས་བཀའ་ལན་གནང་ཡོད་པ་དང་ ལར་ནས་ཏྭ་ལའི་བླ་མའི་ཡང་སྲིད་འདི་བོད་ཀྱི་ཕྱི་རོལ་ལ་འཁྲུངས་སྲིད་པ་དང་སྐུ་སྐྱེས་རྗེས་མ་འདི་བེུད་ཅིག་ཀྱང་ཡོང་སྲིད་ཀྱི་རེད་ཅེས་བཀའ་ལན་གནང་འདུག་