༸གོང་ས་མཆོག་གིས་བོད་ནང་གི་དཀའ་ངལ་སྐོར་བཀའ་གནང་བ།
2010.10.16
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་བཅུ་གཉིས་ནས་བཟུང་ཉིན་གྲངས་བཞིའི་རིང་། ཨ་རིའི་ནུབ་བརྒྱུད་ཀ་ལི་ཕོར་ནི་ཡའི་མངའ་སྡེའི་ས་གནས་ཁག་ཅིག་ལ་མཛད་འཕྲིན་བསྐྱངས་གནང་ཡོད་པའི་ཁོངས་སུ་ཁ་ས་པ་ལོ་ ཨལ་ཀྲོ་ཞེས་པའི་ས་གནས་སུ་ཡོད་པའི་རྒྱ་སྐད་ཀྱི་བརྙན་འཕྲིན་ཚན་པ་KTSFཞེས་པས་བཅར་འདྲི་དང་ལན་གྱི་ལེ་ཚན་ཞིག་གོ་སྒྲིག་ཞུས་ཡོད་པའི་སྐབས་ནང་ཆོས་དང་། ༧གོང་ས་ཏ་ལའི་བླ་མའི་སྒྲིག་འཛུགས་སམ་ཡང་སྲིད་ཕེབས་ཕྱོགས་སྐོར། དེ་བཞིན་བོད་ཀྱི་གནད་དོན་བཅས་མང་པོ་ཞིག་གི་ཐོག་བཀའ་འདྲི་ཞུས་ཡོད་འདུག ལྷག་པར་དུ་རྒྱ་བོད་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པའི་བཀའ་ལན་དུ་༧གོང་ས་མཆོག་གིས། རྒྱ་ནག་གཞུང་ནས་ཁས་ལེན་རུང་མ་ལེན་རུང་བོད་ནང་དཀའ་ངལ་ཡོད་པ་ནི་གསལ་པོ་རེད། དཀའ་ངལ་ཡོད་པར་བརྟེན་བོད་ནང་རྒྱ་མིའི་དམག་མི་དང་ཉེན་རྟོག་པ་ཧ་ཅང་མང་པོ་དཔུང་འཇོག་བྱས་ཡོད་པས་མ་ཟད་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད། གལ་སྲིད་རྙོག་ཁྲ་དང་དཀའ་ངལ་མེད་པ་ཡིན་ན་དམ་དྲག་དེ་འདྲ་བྱེད་དགོས་དོན་མེད་པ་རེད། དཀའ་ངལ་དེ་ནི་བོད་རིགས་དང་རྒྱ་རིགས་གཉིས་ཀར་མི་བདེ་བ་བཟོ་གཞི་ཞིག་རེད། དེ་འདྲ་ཡིན་དུས་དཀའ་རྙོག་དེ་སེལ་ཐབས་སུ་དངོས་ཡོད་གནས་ཚུལ་ཁས་ལེན་པའི་ཐོག་ནས་སེལ་ཐབས་བྱེད་དགོས་པ་མ་གཏོགས་དེང་སང་འཕྲུལ་ལས་ཡར་རྒྱས་ཕྱིན་པའི་དུས་ཚོད་ཅིག་ཡིན་དུས་གནས་ཚུལ་བས་གསང་བྱ་རྒྱུ་ཁག་པོ་རེད་ཅེས་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས་བོད་མི་ཚོས་རྒྱ་ནག་ལ་སྡང་ཟུག་བྱེད་ཀྱི་ཡོད་མ་རེད། ང་ཚོས་རྒྱ་མི་རིགས་ལ་གུས་བརྩི་ཞུ་གི་ཡོད་རེད། དཔེར་ན། ཕྱི་ལོ་༢༠༠༨ལོའི་དོན་རྐྱེན་བྱུང་བའི་རྗེས་སུའང་ངས་ཕྱི་ཕྱོགས་སུ་སྐད་ཆ་བཤད་པའི་སྐབས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཡིད་ཆེས་ཆུང་དུ་འགྲོ་གི་འདུག ཡིན་ནའང་རྒྱ་ནག་མི་མང་ཚོར་ཡིད་ཆེས་ད་ལྟའང་ཡོད་ཅེས་གསུངས་ཡོད་ལ་རྒྱ་རིགས་གཞོན་སྐྱེས་ཚོས་དམིགས་བསལ་བོད་ནང་གི་དངོས་ཡོད་གནས་སྟངས་ག་འདྲ་ཡོད་མེད་ཞིབ་འཇུག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ནས་གང་ལྟར་རྒྱ་ནག་གི་འགོ་འཁྲིད་ཚོས་ད་ལྟའི་དུས་ཚོད་འདིར་བོད་ཀྱི་དཀའ་རྙོག་དེ་ག་འདྲ་སེལ་དགོས་མིན་མགོ་ཐོམ་ནས་བསྡད་ཡོད་སྟབས་དྲག་གནོན་གྱི་སྲིད་བྱུས་འཛིན་གྱི་ཡོད་རེད། དེས་ཕན་ཐོགས་ཡོང་བའི་ཚབ་ཏུ་བོད་མི་ཚོའི་སེམས་ནང་མི་དགའ་བའི་རྣམ་པ་ཤུགས་ཆེ་རུ་འགྲོ་གི་ཡོད་རེད་ཅེས་གསུངས་ཡོད་པ་རེད།