༸གོང་ས་མཆོག་ནས་བོད་རྒྱའི་གྲོས་མོལ་གྱི་གསུང་གླེང་སྐོར།
2008.10.27
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་འཐོབ་རྒྱུའི་ཆེད་དུ་རྒྱ་ནག་གཞུང་དང་གྲོས་མཐུན་ཡོང་བའི་ཐུགས་རེ་གནང་ཡོད་ཀྱང་རྒྱ་ནག་གཞུང་དང་མཉམ་དུ་ད་བར་གནང་བའི་གྲོས་མོལ་ཐོག་ཡར་རྒྱས་ཀྱི་རྣམ་པ་ཐོན་མེད་སྟབས་བོད་རྒྱ་གཉིས་དབར་གྱི་གྲོས་མོལ་ཐད་ད་ཆ་དགོངས་པ་བཞེས་ཕྱོགས་ཀྱི་སྲིད་བྱུས་ཐོག་འགྱུར་བ་འགྲོ་སྲིད་པའི་སྐོར་གནས་ཚུལ་ཐོན་འདུག
དེ་ཡང་ད་རེས་གཟའ་སྤེན་པའི་ཉིན་༸གོང་ས་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་བཞི་ཅུ་ཞེ་བརྒྱད་འཁོར་བའི་མཛད་སྒོའི་སྐབས་མི་མང་མང་ཚོགས་ཐོག་༸གོང་ས་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་གཉིས་ཕན་དབུ་མའི་ལམ་གྱི་བཞེངས་ཕྱོགས་འཛིན་གནང་སྟེ་ལྷག་བསམ་རྣམ་དག་སྒོ་ནས་རྒྱ་ནག་གཞུང་དང་འབྲེལ་མོལ་ཞུས་ནས་བར་ལམ་འབྲེལ་མོལ་ཐེངས་བདུན་གནང་ཡོད་རུང་རྒྱ་ནག་གཞུང་ངོས་ནས་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་མ་བཏོན་པར་བརྟེན་ནས་རྒྱ་མིའི་དབང་བསྒྱུར་འོག་བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབ་ཡོང་བའི་ཐུགས་རེ་ཆུང་རུ་འགྲོ་བཞིན་ཡོད་སྐོར་སོགས་གསུངས་ཡོད་པ་རེད། དེའི་ཐོག་ཟླ་བ་རྗེས་མ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་མིའི་སྐུ་ཚབ་འཐུས་མི་གྲངས་སུམ་བརྒྱ་སྐོར་བཞུགས་སྒར་དུ་འདུ་འཛོམས་གནང་རྒྱུའི་དམིགས་བསལ་གྱི་ཚོགས་འདུའི་ཐོག་ནས་དགོངས་བཞེས་ཀྱིས་གོ་བསྡུར་གནང་རྒྱུ་ཡིན་པ་རེད།