༸གོང་ས་མཆོག་ནས་རྒྱ་རིགས་ཁག་དང་མཇལ་འཕྲད།
2011.06.13
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཨོ་སི་ཀྲོ་ལི་ཡའི་ནང་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་པ་ལྟར། ཁ་ས་གྲོང་ཁྱེར་མེལ་སྦོན་དུ་༧གོང་ས་མཆོག་གིས་མཇལ་ཞུ་བ་རྒྱ་རིགས་ཚོར། རྒྱ་ནག་དམངས་གཙོ་ཅན་ལ་སྒྱུར་ཐབས་སུ་འཛིན་སྐྱོང་ཕྱི་གསལ་ནང་གསལ་དང༌། གསར་འགོད་རང་དབང་གཉིས་ངེས་པར་དུ་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག
༧གོང་ས་མཆོག་གི་ཞལ་མཇལ་ཞུ་བར་ཨོ་སི་ཀྲོ་ལི་ཡའི་ནང་གི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང༌། གཞོན་ནུ། ནང་པ་སོགས་རྒྱ་མི་རིགས་ཕོན་ཆེ་ཞིག་གྲོང་ཁྱེར་མེལ་སྦོན་དུ་འཛོམས་ཡོད་པ་དང༌། མང་པོ་ཞིག་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡིན་པ་རེད། ༧གོང་ས་མཆོག་གིས་ བོད་དང་རྒྱ་ནག་གཉིས་དབར་ལོ་ངོ་༡༠༠༠ཅིག་ལྷག་ཙམ་གྱི་འབྲེལ་བ་ཡོད་པ་དང༌། ནང་ཆོས་ཐོག་མར་བོད་ནང་མ་དར་གོང་རྒྱ་ནག་ནང་དར་ཡོད་སྐོར་བཀའ་གནང་བ་དང༌། ཡང་༧གོང་ས་མཆོག་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གཙང་མ་ཞིག་རྩོད་ལེན་གནང་བཞིན་ཡོད་སྐོར་བཀའ་འགྲེལ་དང་སྦྲགས། བོད་རྒྱའི་དབར་གྱི་དཀའ་རྙོག་དེ་མཛའ་མཐུན་དང་ཕན་ཚུན་མཉམ་འབྲེལ་གྱི་ལམ་ནས་སེལ་དགོས་རྒྱུ་ཡིན་པའི་སྐོར་བཀའ་གནང་འདུག།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང༌། དམངས་གཙོའི་ལམ་ལུགས་ལ་གོམས་འདྲིས་མེད་སྟབས། མཚན་གཅིག་ལ་རྒྱ་ནག་དམངས་གཙོ་ཅན་ལ་བསྒྱུར་རྒྱུའི་ཐུགས་རེ་གནང་གི་མེད་སྐོར་བཀའ་གནང་སྟེ། རིམ་པས་རྒྱ་ནག་དམངས་གཙོ་ཅན་ལ་སྒྱུར་ཐུབ་རྒྱུར་གོམ་པ་དང་པོ་དེ་འཛིན་སྐྱོང་ཕྱི་གསལ་ནང་གསལ་དང༌། གསར་འགོད་རང་དབང་ཆེ་ཙམ་སྤྲད་པའི་ཐོག་ནས། གནས་ཚུལ་རྫུན་མ་ཁྱབ་བསྒྲགས་མཚམས་འཇོག་དགོས་རྒྱུའི་དགོངས་ཚུལ་བཀའ་གནང་འདུག།