བོད་ཀྱི་གནད་དོན་ཐོག་རྒྱ་གར་གཞུང་ནས་དོགས་ཟོན་ཆེ་དྲག་པ།
2008.11.24
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་ཐོག་ཧ་ཅང་དོགས་ཟོན་ཆེན་པོ་གནང་གི་འདུག་ཅེས་བཀའ་གནང་ཡོད་སྐོར་རྒྱ་གར་གྱི་དཔལ་འབྱོར་དུས་བབས་ཞེས་པའི་གསར་ཤོག་ནང་གནས་ཚུལ་བཀོད་ཡོད་པ་རེད།
རེས་གཟའ་ཉི་མ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་རྒྱ་གར་གྱིས་རོགས་བསྐྱོར་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་དང་རྒྱ་གར་གྱི་སྲིད་བློན་དང་པོ་པན་ཌིཏ་ཇ་ལྦ་ཧལ་ནེ་རུའུ་མཆོག་གིས་བོད་ཀྱི་གནད་དོན་ཐོག་སྐུ་སྒེར་གྱི་ཐུགས་སྣང་གནང་ཡོད་སྐོར་དྲན་བསྐུལ་དང་དེང་སྐབས་རྒྱ་གར་གཞུང་ཕྱོགས་ནས་ཧ་ཅང་གི་དོགས་ཟོན་ཆེ་དྲག་པའི་སྲིད་བྱུས་ཤིག་འཛིན་གྱི་འདུག་ཅེས་བཀའ་གནང་འདུག
ཡང་༸གོང་ས་མཆོག་རྒྱ་གར་དང་བོད་བར་གནའ་སྔ་མོ་ནས་གང་ཅིའི་ཐོག་འབྲེལ་ལམ་ཡོད་སྟབས་རྒྱ་གར་ངོས་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐོག་རོགས་རམ་གནང་དགོས་པའི་སྐོར་བཀའ་གནང་འདུག གནས་ཚུལ་ནང་འཁོད་དོན་ལ་གཞིགས་ན་ཉེ་ཆར་རྒྱ་གར་ནང་བོད་མི་བཙན་བྱོལ་བ་རྣམས་ཀྱི་དམིགས་བསལ་ཚོགས་འདུ་ཞིག་གནང་བའི་སྐབས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་དབུ་མའི་ལམ་དེར་རྒྱབ་བསྐྱོར་ཐོབ་ཡོད་ཅིང་བོད་རང་བཙན་འཐབ་རྩོད་གནང་རྒྱུའི་ཐག་གཅོད་མ་བྱུང་སྟབས་དེས་རྒྱ་གར་གཞུང་གི་གནང་ཕྱོགས་ལ་དཀའ་རྙོག་ཆུང་བ་ཞིག་ཡིན་སྐོར་གནས་ཚུལ་བཀོད་ཡོད་པ་རེད།