བོད་རྒྱ་གྲོས་མོལ་གྱི་འགན་ཁུར་བྱེད་ཕྱོགས་བོད་མི་མང་ལ་ཡོད།

༸གོང་ས་མཆོག་ནས་བོད་རྒྱ་གྲོས་མོལ་གྱི་འགན་ཁུར་བྱེད་ཕྱོགས་བོད་རྒྱ་ཆེའི་མི་མང་གི་འཐུས་ཚབ་ཀྱི་ཚོགས་ཆེན་ཐོག་ནས་ཐག་གཅོད་དགོས་བཀའ།

2008.10.25

༄༅༎འཚེ་མེད་ཞི་བ་དང་དབུ་མའི་ལམ་ལ་བརྟེན་པའི་བོད་དོན་བདེན་པའི་འཐབ་རྩོད་ནི་རྒྱ་བོད་ཐུན་མོང་དང་འཛམ་གླིང་ཡོངས་ལ་ཕན་བདེ་སྒྲུབ་རྒྱུར་ཕན་རླབས་ཡོད་པ་དེ་ལྟར་ཡང་བོད་ནང་བཟང་ཕྱོགས་འགྱུར་བ་ཕྱིན་མེད་ཁར་གཞིས་ལུས་བོད་མིའི་རང་འགུལ་གྱི་གྱེན་ལངས་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་སོགས་རྒྱ་ནག་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཚུལ་མཐུན་ཡ་ལན་བྱས་མེད་པར་བརྟེན་བོད་རྒྱ་གྲོས་མོལ་གྱི་འགན་ཁུར་བྱེད་ཕྱོགས་བོད་རྒྱ་ཆེའི་མི་མང་གི་འཐུས་ཚབ་ཀྱི་ཚོགས་ཆེན་ཐོག་ནས་ཐག་གཅོད་བྱ་དགོས་པའི་སྐོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་བཀའ་སློབ་གནང་འདུག དེ་ཡང་བུ་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་བཞི་ཅུ་ཞེ་བརྒྱད་འཁོར་བའི་དུས་དྲན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོིག་ཚོགས་མགོན་དུ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞབས་སོར་འཁོད་དེ་བོད་རྒྱ་འབྲེལ་མོལ་གཙོ་འགྱུར་གྱི་བོད་མིའི་རྩ་དོན་ཐོག་བཀའ་སློབ་གཏིང་ཟབ་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་འབད་བརྩོན་རྒྱུན་རིང་གནང་ཡོད་ཀྱང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་བོད་ནང་གྱེན་ལངས་ལ་རྒྱབ་སྐྱོར་མཚམས་འཇོག་གནང་དགོས་པ་སོགས་ཀྱི་བསྙོན་འཛུགས་སྣ་ཚོགས་བྱས་དང་བྱེད་བཞིན་པར་བརྟེན་ད་ཆ་དེ་སྔོན་ཕྱི་ལོ་༡༩༨༨ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་སིཏྲས་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་ལ་གནང་བའི་གསུང་འཕྲིན་ནང་བཀའ་གནང་བ་ལྟར་བོད་མི་དམངས་ཀྱི་འཐུས་ཚབ་འདུས་པའི་དམིགས་བསལ་ཚོགས་ཆེན་ནང་གྲོས་བསྡུར་བྱ་དགོས་པའི་བཀའ་གནང་ཡོད་པ་རེད།

གོང་ཞུས་སིཏྲས་སི་སྦག་གི་གསུང་འཕྲིན་གྱི་མཇུག་བསྡོམས་སུ་འཁོད་པར་ཡིན་ནའང་འདིར་ནན་བཤད་བྱ་རྒྱུར་རྒྱ་ནག་དང་གྲོས་མོལ་བྱས་པར་འབྲས་བུ་གང་འདྲ་ཞིག་ཡོང་མིན་ལ་མ་ལྟོས་པར་མཐའ་མའི་ཐག་གཅོད་བྱ་རྒྱུའི་དབང་ཆ་དེ་བོད་མི་མང་རང་ལ་ཡོད། དེར་བརྟེན་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་སྤྱི་དམངས་འོས་ཤོག་འཕེན་པའི་ནང་བོད་མི་དམངས་ཀྱི་འདོད་བློ་ངོ་མ་དེ་ཤེས་རྟོགས་ཡོང་ཆེད་གྲོས་འཆར་གང་འདྲ་ཞིག་ནང་དུ་ཡང་འཆར་གཞིའི་གོ་རིམ་ཞིབ་ཕྲ་ཞིག་འཁོད་རྒྱུ་ཡིན་ཞེས་༸གོང་ས་མཆོག་གི་གསུང་འཕྲིན་གནང་ཡོད་པ་རེད། ཡང་བོད་རྒྱའི་འབྲེལ་ལམ་གྱི་གླེང་གཞི་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་གནས་ཚལ་ཁོ་ན་མ་གཏོགས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྒེར་གནས་བབ་སྐོར་གཏན་ནས་མིན་སྐོར་༸གོང་ས་མཆོག་གིས་བཀའ་ནན་པོ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎