དཔལ་འབྱོར་ཉམས་རྒུད་ཐོག་༸གོང་ས་མཆོག་གི་དགོངས་ཚུལ།
2009.04.25
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་སེན་ཊ་སྦར་སྦ་རའི་ནང་རྟེན་གཞི་བྱས་པའི་གཙུག་ལག་སློབ་གྲྭར་གཙོ་བོ་སློབ་ཕྲུག་ཚོར་གཟའ་སྤེན་པའི་ཉིན་གསུང་བཤད་སྩལ་མཛད་སྐབས་སྔ་དྲོའི་མཛད་རིམ་ཁོངས་སུ་མིའི་སེམས་ཀྱི་རང་བཞིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་ཡོད་པ་རེད།
ཁད་ཉིན་གཟའ་པ་སངས་ཉིན་༸གོང་ས་མཆོག་གིས་ཨ་མི་རི་ཀའི་མངའ་སྡེ་དེའི་ནང་ཆིབས་བསྒྱུར་གནང་མ་ཐག་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་ཉམས་རྒུད་འགྲོ་བཞིན་པའི་འཛམ་གླིང་གི་དཔལ་འབྱོར་དཀའ་རྙོག་ཐད་ལ་དགོངས་ཚུལ་གསུང་སྐབས་དཔལ་འབྱོར་དཀའ་རྙོག་དེའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་གཅིག་ནི་རྒྱུ་ནོར་ལོངས་སྤྱོད་ག་ཚོད་འཕེལ་རྒྱས་འགྲོ་རོགས་བྱས་ན་སྙམ་པའི་མིའི་འདོད་པར་ཚད་མེད་ནའང་དངུལ་ག་ཚོད་བཟོ་ཐུབ་མི་ཐུབ་ལ་ཚད་ཡོད་པ་དེ་མི་རྣམས་ལ་དྲན་གསོ་གཏོང་གི་ཡོག་རེད་ཅེས་མདོར་ན་མི་རྣམས་བདེ་བ་འདོད་ན་ཆོག་ཤེས་དགོས་གལ་ཆེན་པོ་ཡིན་པའི་ལམ་སྟོན་དང་དགོངས་ཚུལ་གསུང་ཡོད་པ་རེད།
དེ་བཞིན་གཟའ་སྤེན་པའི་ཉིན་སེན་ཊ་སྦར་སྦ་རའི་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོར་གསུང་བཤད་བསྩལ་གནང་མཛད་སྐབས་༸གོང་ས་མཆོག་གིས་སོ་སོ་གཅིག་པོའི་དོན་དུ་བསམ་བློ་བཏང་ཞིང་མི་གཞན་གྱི་དོན་དུ་བསམ་གཞིགས་མ་བྱས་པའི་ཀུན་སྤྱོད་དེ་ཚོ་ཚུལ་དང་མི་མཐུན་པ་རེད་ལ་གཙོ་བོ་དོ་བདག་སོ་སོས་བརྩམས་པའི་མ་རུང་བའི་ཀུན་སྤྱོད་དེ་འདྲར་བརྟེན་ནས་དཀའ་རྙོག་དེ་ཚོའི་རིགས་ཐོན་གྱི་ཡོག་རེད་ཅེས་བཀའ་གནང་ཡོད་པ་རེད། གཟའ་སྤེན་པའི་ཉིན་དགུང་རྒྱབ་ལ་དེང་སང་གི་ཆེད་དུ་མཁོ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་ལ་སེན་ཊ་སྦར་སྦ་རའི་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོར་གསུང་བཤད་བསྩལ་གནང་མཛད་སྐབས་༸གོང་ས་མཆོག་གིས་གསུང་དོན་ལ་མི་རུང་བ་དང་རུལ་སུང་ཅན་གྱི་ཀུན་སྤྱོད་ལྡན་པའི་མི་རབས་རྒན་པ་ཚོར་མིག་བལྟ་མ་བྱས་པར་སོ་སོའི་ངོས་ནས་སྐྱོན་དང་བྲལ་བའི་སྤྱི་ཚོགས་གསར་པ་ཞིག་བསྐྲུན་ཐབས་བྱ་དགོས་ཀྱི་རེད། དེ་ནི་ཁྱེད་རང་ཚོའི་ལས་འགན་རེད་ད་ཞེས་བཀའ་སློབ་ཟབ་མོ་བསྩལ་གནང་ཡོད་པ་རེད༎