༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལྷན་ཚོགས།

༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་ལ་མ་འོངས་ལམ་སྟོན་ཡིག་ཆ་འཇོག་གནང་རྒྱུའི་བཀའ་ཡིག་ཞིག་སྕལ་གནང་ཡོད་པ་རེད།

2011.09.25

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་རེས་བཞུགས་སྒར་དུ་ཚོགས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་ཀྱི་བླ་ཆེན་དབུས་པའི་མཁན་སྤྲུན་འདུས་པའི་ཆོས་ཚོགས་ཐེངས་༡༡ པའི་ཐོག་རྒྱལ་བའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་ལ་མ་འོངས་ལམ་སྟོན་ཡིག་ཆ་འཇོག་གནང་རྒྱུའི་བཀའ་ཡིག་ཞིག་སྕལ་གནང་ཡོད་པ་རེད།
བཀའ་ཡིག་དེའི་ནང་དུ་དོན་ཚན་ཁག་བཅུ་གཅིག་དང༌། དོན་ཚན་དང་པོ་ངོ་སྤྲོད་དང༌། གཉིས་པ་སྐྱེ་བ་སྔ་ཕྱིའི་སྐོར༌། དོན་ཚན་གསུམ་པ་སྐྱེ་བ་ལེན་ཚུལ། སྤྲུལ་སྐུའི་མཚན་དོན། ཡང་སྲིད་ངོས་འཛིན། བོད་དུ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ། ཡང་སྲིད་ངོས་འཛིན་གྱི་ཐབས་ལམ། མ་འདས་སྤྲུལ་སྐུ། གསེར་བུམ་དཀྲུགས་འདོན། ངན་གཡོའི་རེ་སྟོང༌། རྒྱལ་བ་སྐུ་ཕྲེང་རྗེས་མ་བཅས་དང། ཡིག་འབྲུ་བཞི་ཁྲི་ཉིས་སྟོང་ཡོད་ཅིང༌།  དོན་ཚན་དང་པའི་ནང་རྒྱལ་བའི་ཡང་སྲིད་ད་བར་དུ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱུང་ཡོད་པ་དང༌། ད་བར་དུ་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་སྟེ། མི་ལོ་༣༦༩ ཕྱིན་པའི་ལམ་སྲོལ་དེ། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས། འཛམ་གླིང་ནང་དར་འཕེལ་འགྲོ་དང་འགྲོ་བཞིན་པའི་དམངས་གཙོའི་ལམ་ཆེན་ཐོག་བསྐྱོད་རྒྱུའི་ཆེད་དུ་ཆབ་སྲིད་ཀྱི་སྐུ་དབང་བོད་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་ཀྱིས་རྒྱལ་བ་རིམ་བྱོན་གྱི་ཆབ་སྲིད་སྐུ་དབང་བཞེས་པའི་ལམ་སྲོལ་མཇུག་སྒྲིལ་ཟིན་པ་དང༌། མ་འོངས་པར་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དགོས་མིན་ནི། དད་ལྡན་མི་དམངས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་༡༩༦༩ ཙམ་ནས་བྱས་ཟིན་པ་ཡིན་ཞིང༌། སྐུ་ཕྲེང་རྗེས་མའི་ཡང་སྲིད་སྐོར་ལ་དོགས་གཞི་དང་འཁྱོག་བཤད་བྱ་ཡུལ་མེད་པའི་ཚིག་ཐག་ཆོད་པོའི་ལམ་སྟོན་གསལ་པོ་ཞིག་རྒྱལ་པ་རིན་པོ་ཆེ་སྐུ་ཁམས་བདེ་ཐང་སྐབས་ལ་ངེོས་པར་དུ་ཐག་གཅོད་གནང་རྒྱུ་ཡིན་པ་བཀའ་གསལ་པོ་གནང་ཡོད་པ་རེད།
དེ་ནས་དོན་ཚན་བཅུ་པའི་ནང༌། རྒྱལ་ནག་གཞུང་གིས། ༢༠༠༧ ལོའི་ཕྱི་ཟླ་༩ པའི་ཚེས་༡ ནས། སྤྲུལ་སྐུའི་ངོས་འཛིན་བྱེད་ཐབས་ཀྱི་ཡིག་ཆ་གཏན་འབེབས་ལག་བསྟར་བྱས་པ་དེ་ཚོ་ནི། བོད་མིའི་ཐོུང་མ་ཡིན་པའི་ལེགས་བྱང་གི་ལམ་སྲོལ་རྩ་མེད་བཟོ་ཐབས་ཀྱི་ངན་བྱུང་ཡིན་པ་མ་ཟད། རྒྱལ་བའི་ཡང་སྲིད་ཀྱང་ཁོང་ཚོས་རང་འདོད་བཞིན་ངོས་འཛིན་བྱས་ཏེ། བོད་མི་དང་བོད་རྒྱུད་ནང་བསྟན་རྗེས་མཇུག་པ་རྣམས་ཀྱིས་མཚོན་རྒྱལ་སྤྱིའི་མི་དམངས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་ངན་བྱུས་དེ་རིགས་ལམ་ལྷོང་མི་ཡོང་བ་སྔོན་འགོག་མཛད་རྒྱུ་ཡིན་ཞེས་བཀའ་ཕེབས་ཡོད། ད་དུང་རྒྱལ་བའི་སྐུ་ཕྲེང་རྗེས་མའི་སྐོར་གྱི་དོན་ཚན་དེའི་ནང༌། མ་འོངས་རྒྱལ་བ་རིན་པོ་ཆེ་དགུང་ན་༩༠ གོ་གྲངས་སམ་རྒྱལ་བ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་ཕེབས་པའི་སྐབས་ཆོས་རྒྱུད་ཀྱི་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་བ་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང༌། ཐག་གཅོད་གནང་རྒྱུའི་འཆར་གཞི་ཡོད་ཅིང༌། གལ་ཏེ་རྒྱལ་བའི་ཡང་སྲིད་རྒྱུན་མཐུད་ནས་དགོས་ཀྱི་ཡོད་པ་དང༌། སྐུ་ཕྲེང་༡༥ པའི་ཡང་སྲིད་ངོས་འཛིན་བྱ་དགོས་པའི་དུས་སྐབས་ཤིག་ཤར་ཚེ་དེའི་འགན་འཁུར་གཙོ་བོ་རྒྱལ་བའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་བ་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྐྱོང་སྲུང་མ་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ། ཡང་སྲིད་རྩད་འཚོལ་སྔར་གྱི་ལམ་སྲོལ་ལྟར་བྱ་རྒྱུ་དང༌། རྒྱལ་བ་རིན་པོ་ཆེའི་མཆོག་ནས་ཀྱང༌ལམ་སྲོལ་བྱེད་ཕྱོགས་དེ་དག་ལམ་སྟོན་ཁ་གསལ་བཀོད་པའི་ཡིག་ཆ་འཇོག་གནང་མཛད་དེ།  དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་ཞུས་པའི་ཡང་སྲིད་ཞིག་ལས། སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་གི་དབང་འཛིན་པ་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྲིད་འདེམས་སྒྲུག་བྱས་པ་བྱུང་ཚེ། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཞེས་བཀའ་གསལ་པོ་ཕེབས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎