༸གོང་ས་མཆོག་གིས་རྩོམ་བྲིས་མཛད་པའི་ཕྱག་དེབ།
2009.07.29
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོའོ་རེན་སི་ལྦེན་ཌེན་མུ་ཛེན་སྦག་ལྷན་དུ་རྩོམ་བྲིས་མཛད་པའི་འགོ་ཁྲིད་ཀྱི་ལམ་ཞེས་པའི་ཕྱག་དེབ་བརྒྱུད་རང་དབང་ཅན་གྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱིས་ནང་པ་སངས་རྒྱས་པའི་དམ་པའི་ཆོས་ཀྱི་རྩ་དོན་དང་རིན་ཐང་ཁག་ནས་ཁེ་ཕན་ལྡན་པའི་བསླབ་བྱ་ལེན་རྒྱུ་ཡོག་རེད་ཅེས་དགོངས་ཚུལ་སྤེལ་གནང་ཡོད་པ་རེད། དཔལ་འབྱོར་གྱི་བྱ་གཞག་དང་ནང་ཆོས་གཉིས་ཀས་མི་མང་གི་བདེ་སྐྱིད་སྒྲུབ་ཐབས་གཙོ་དོན་བྱེད་ཀྱི་ཡོད་རེད།
བདེ་སྐྱིད་སྒྲུབ་པའི་དོན་དུ་ཐབས་ལམ་དང་བྱ་བ་མི་ནོར་བ་བྱེད་རྒྱུར་གལ་གནད་ཆེན་པོ་ཡིན་པར་བརྩི་འཇོག་བྱེད་ཀྱི་ཡོད་རེད། ཡིན་ནའང་ཚོང་ལས་དང་འབྲེལ་བའི་ཁེ་ལས་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ནའང་གལ་ཏེ་ཁེ་ལས་དེའི་ནང་ལས་ཀ་བྱེད་མཁན་ཚོ་སྐྱིད་པོ་མེད་ན་ཁེ་ལས་སྒྲིག་འཛུགས་དེའི་དངོས་ཟོག་ཉོ་མཁན་དང་ཁེ་ལས་དེའི་ནང་རང་ཉིད་ཀྱི་མ་རྩ་འཛུགས་མཁན་ཚོ་མཐའ་མའི་དུས་སུ་ལམ་ལྷོངས་མི་འགྲོ་བ་ཆགས་ཀྱི་རེད་ཅེས་ཕྱག་དེབ་དེའི་ནང་གསལ་བཤད་གནང་ཡོད་པ་རེད། མི་རྣམས་ཀྱིས་ཚོང་ལས་སོགས་ལས་དོན་ག་རེ་བརྩམས་ཀྱང་སྒྲུབ་བྱའི་དམིགས་ཡུལ་བཟང་པོ་དགོས་རྒྱུ་དང་ངན་ཕྱོགས་ཀྱི་ཀུན་སློང་བྲལ་བའི་ཞི་ཞིང་དུལ་བའི་སེམས་རྒྱུད་དགོས་པ་ཕྱི་ནང་དངོས་པོ་ཡོངས་རྫོགས་མི་རྟག་པ་ཡིན་པར་འདོད་པ་སོགས་ནང་པའི་ཆོས་ཀྱི་གཞི་རྩའི་ཚན་ཉིད་དང་ཁྱད་ཆོས་སོགས་༸གོང་ས་མཆོག་གིས་ཕྱག་དེབ་དེའི་ནང་རྩོམ་བྲིས་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་དང་ཐོག་ལ་རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་མའོ་ཙེ་ཐུང་མཇལ་འཕྲད་བྱུང་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཐད་ལ་ཐུགས་མོས་པོ་བྱུང་བ་དང་འོན་ཀྱང་མའོས་ཆོས་ནི་དུག་དང་གཅིག་མཚུངས་རེད་ཅེས་བཤད་པའི་རྗེས་སུ་མའོའི་ལྟ་བར་མོས་པོ་གནང་ཡག་མཚམས་ཆད་པ་དང་རིམ་བཞིན་རང་དབང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལ་ཡིད་ཆེས་གནང་ཡག་དབུ་ཚུགས་ཡོད་པ་དང་དེའི་རྒྱུ་མཚན་ཡང་མ་རྩའི་དཔལ་འབྱོར་ལམ་ལུགས་ཀྱིས་མི་རྣམས་ལ་སོ་སོའི་བསམ་ཚུལ་འདྲ་མིན་སྣ་ཚོགས་ཤོད་རྒྱུའི་སྨྲ་བརྗོད་ཀྱི་རང་དབང་དང་ཐོབ་ཐང་སྤྲོད་པ་དང་ཆོས་ཕྱོགས་ནས་གཟིགས་ནའང་སྒོ་མོ་ཕྱེ་བའི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་དེ་ནི་ང་ཚོས་ལག་ལེན་དར་སྤེལ་གཏོང་དགོས་ཀྱི་ཡོད་པ་ཡིད་ཆེས་ངེས་རྙེད་བྱུང་ཞེས་ཀྱང་ལྗགས་རྩོམ་གནང་ཡོད་པ་རེད།