༸གོང་ས་མཆོག་གིས་གསར་འགོད་པར་བཀའ་གནང་དོན།
2008.11.23
༄༅༎ཕྱི་ཚེས་ཉི་ཤུ་གསུམ་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་གསར་འགོད་པའི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་སར་རྒྱ་ནག་མི་དམངས་མཉམ་གྲོས་མོལ་བྱ་རྒྱུ་དེ་བོད་མི་ཚོར་གལ་གནད་ཆེན་པོ་ཡིན་པ་དང་བོད་ནང་གི་གཞིས་ལུས་བོད་མི་ཚོས་བཙན་བྱོལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་བློ་གཏན་དང་རེ་བཅོལ་ཆེན་པོ་བྱེད་ཀྱི་ཡོད་དུས་བོད་མི་ཚང་མའི་ངོས་ནས་ཁོང་ཚོའི་རེ་འདོད་འགྲུབ་ཐབས་ཐད་འབད་བརྩོན་གང་ཡོད་བྱེད་གལ་ཤིན་ཏུ་ཆེ་བའི་སྐོར་བཀའ་གནང་འདུག
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་བཞུགས་སྒར་དུ་ཚུགས་གནང་བའི་དམིགས་བསལ་ཚོགས་ཆེན་དེ་དོན་དང་ལྡན་པ་ཞིག་བྱུང་ཡོད་པར་ངོས་འཛིན་གནང་བ་དང་སྦྲགས་མ་འོངས་པར་ལྷན་ཚོགས་དེའི་རིགས་མང་ཙམ་ཚུགས་ཐུབ་པའི་ཐུགས་རེ་གནང་འདུག ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་ཐོག་༸གོང་ས་མཆོག་ལྷན་ཞུགས་མ་གནང་ཡག་དེ་ནི་ཚོགས་བཅར་བ་ཚོའི་དབར་ཕན་ཚུན་རང་དབང་དང་ཞལ་གསང་པོའི་ཐོག་ནས་བགྲོ་གླེང་གནང་ཐུབ་རྒྱུའི་དོན་དུ་ཡིན་པའི་སྐོར་བཀའ་གནང་འདུག
༸གོང་ས་མཆོག་གིས་གསར་འགོད་པ་ཚོར་ཟླ་བ་འདིའི་ཟླ་མཇུག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བརྒྱ་ལྷག་གི་ལྷན་ཚོགས་ཤིག་འཚོག་འཆར་ཡོད་པའི་སྐོར་བཀའ་གནང་སྟེ་བོད་ཀྱི་གནད་དོན་དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་བརྟེན་ཡོད་སྟབས་བོད་པའི་གནད་དོན་དེ་ཆ་ཡོངས་སུ་རྫོགས་པ་ནས་ལྟ་དགོས་རྒྱུའི་དུས་ལ་བབས་ཡོད་པའི་སྐོར་བཀའ་གནང་འདུག