༧གོང་ས་མཆོག་ལ་མོ་རྡི་སྤྱི་ཚོགས་དང་ཞི་བདེའི་བྱ་དགའ་ཕུལ་བ།
2011.11.25
༄༅༎དེ་ཡང་རྒྱ་གར་ནང་གི་ཚོང་དོན་ཚན་པ་མོ་དི་ཞེས་པའི་འབྱོར་ལྡན་པ་དེའི་རིག་གཞུང་དང་། རྒྱུ་རྩལ་ཤེས་ཡོན་ཚོགས་པ་ནས་ལོ་འདིའི་རྡ་ཡ་ལྦ་ཏི་མོ་རྡི་ཞེས་པའི་བྱ་དགའ་དེ་བཞིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཟླ་བ་རྗེས་མའི་ཚེས་གཉིས་ཉིན་རྒྱལ་ས་ལྡི་ལིའི་ནང་འབུལ་བཞེས་གནང་རྒྱུ་ཡིན་འདུག གོང་ཞུས་ཚོགས་པ་དེ་བཞིན་འབྱོར་ལྡན་མོ་དེ་ཞུ་བའི་སྐུ་ཟླ་འདས་མོ་རའེ་སྦ་ཧ་རྡུར་གུ་ཇར་མལ་མོ་རྡི་ཞེས་པའི་རྗེས་དྲན་དུ་གནང་གི་ཡོད་པ་ཞིག་ཡིན་པ་དང་། ལྕམ་མོ་དི་སྐུ་འཚོ་བཞུགས་སྐབས་རྒྱ་གར་སྤྱི་ཚོགས་ནང་ཤེས་ཡོན་གོང་འཕེལ་གཏོང་ཐབས་སུ་དམིགས་ནས་སློབ་གྲ་དང་། དཔེ་མཛོད་ཁང་། སློབ་ཕྲུག་གི་སྡོད་ཁང་སོགས་མང་པོ་ཞིག་རྒྱབ་གནང་ཡོད་པ་མ་ཟད་སྟོང་ཕོད་ཅན་གྱི་བུད་མེད་སྐྱེས་བུ་དམ་པ་ཞིག་ཡོད་འདུག།
ལོ་འདིའི་བྱ་དགའ་དེ་བཞིན་༧གོང་ས་མཆོག་ལ་ཕུལ་རྒྱུའི་དགོངས་བཞེས་གནང་དགོས་དོན་ནི། ༧གོང་ས་མཆོག་ནས་སྐུ་ཚེ་ཧྲིལ་བུ་རྒྱལ་སྤྱིའི་ནང་། ཞི་བདེ་དང་། བཟོད་བསྲན་གྱི་ཁོར་ཡུག་སྐྲུན་ཐབས་གནང་བ་དང་། སྤྱི་ཚོགས་ཀྱི་བདེ་རྩར་དྲང་བདེན་འཐབ་རྩོད་གནང་དང་གནང་བཞིན་པའི་མཛད་རྗེས་ལ་འབུལ་རྒྱུ་ཡིན་པའི་སྐོར་བཀོད་ཡོད་པ་རེད། བྱ་དགའ་དེའི་ནང་ཆེ་བསྟོད་ཀྱི་ཚིག་བརྗོད་ཡོད་པ་སྨོད་མེད་ཐོག་དངུལ་གྱི་རྟག་མ་ཞིག་དང་། ཧིན་སྒོར་འབུམ་གཉིས་དང་ཕྱེད་ཀའི་དངུལ་འཛིན་བཅས་འབུལ་གི་ཡོད་པ་རེད།