བོད་ནང་རང་ལུས་མེ་སྲེག་བྱུང་དགོས་པའི་རྒྱུ་མཚན།
2011.11.19
༄༅༎ལོ་འདི་གཅིག་པུའི་ནང་བོད་ནང་གི་བོད་མི་བཅུ་གཅིག་གིས་རང་སྲོག་བློས་གཏོང་གིས་སོ་སོའི་ལུས་པོར་མེ་སྤར་ཏེ། རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་ངོ་རྒོལ་གནང་ཞིང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་མི་ཚོས་འ་ཆད་འུ་ཐུག་གི་ལས་འགུལ་སྤེལ་བཞིན་པའི་རྐྱེན་རྩ་གཙོ་བོ་ནི་རྒྱ་ནག་གིས་བོད་མིའི་ཐོག་བཟུང་བའི་དྲག་གནོན་གྱི་སྲིད་བྱུས་དེ་ཡིན་པ་བཀའ་གནང་བ་དང་ཆབས་གཅིག་རང་སྲོག་བློས་གཏོང་བྱེད་མཁན་གྱི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་འགྲན་ཟླ་བྲལ་ཡང་། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཇེ་ཆེར་གཏོང་བཞིན་པར་བརྟེན། ཁོང་ཚོའི་ལས་འགུལ་དེས་ཤུགས་རྐྱེན་ཇི་ཙམ་ཡོང་གི་ཡོད་མིན་ཐད་བསམ་ཞིབ་དགོས་པ་ཞིག་ཡིན་པ་དབྱིན་ཇིའི་སྦི་སྦི་སི་གསར་ལས་ཁང་གི་གསར་འགོད་པར་བཀའ་ལན་བསྩལ་ཡོད་པ་རེད།
དེ་ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་དོན། དྲི་བ་ནི་འདིས་ཤུགས་རྐྱེན་ཇི་ཙམ་བཟོ་གི་ཡོད་མིན་དེ་ཡིན་ཞིང༌། ཁོང་ཚོའི་སྙིང་སྟོབས་ནི་ཧ་ལས་དགོས་པ་ཞིག་རེད། འོན་ཀྱང་ཤུགས་རྐྱེན་ག་ཚོད་ཡོང་གི་ཡོད་དམ། སེམས་ཤུགས་གཅིག་པུས་འདེང་ཐབས་མེད་པ་དང་རང་གི་རྣམ་དཔྱོད་བེད་སྤྱོད་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་ཧ་ཅང་གི་མང་པོ་ཞིག་གིས་སོ་སོའི་ཚེ་སྲོག་བློས་གཏོང་བྱས་ཡོད་པ་དང༌། བོད་མི་མང་པོ་ཞིག་སྡུག་རྩུབ་མནར་གཅོད་ཀྱི་འོག་དམར་བསད་བཏང་ཡོད་པ་དང་། ཇི་ཙམ་སྡུག་རྩུབ་ཁྲིམས་གཅོད་ཀྱི་འོག་དམར་བསད་བཏང་ཡོད་མིན་ཤེས་རྟོགས་མེད་པ་རེད། འོན་ཀྱང་བོད་མི་མང་པོ་ཞིག་ད་དུང་ཡང་བཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཁོང་ཚོའི་ཐོག་དྲག་གནོན་ཇེ་ཆེར་གཏོང་བཞིན་ཡོད་པ་རེད་ཅེས་བཀའ་གནང་འདུག།