དྲག་གནོན་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་ཐུགས་སྨོན།
2012.03.08
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་དང་དཀྱིལ་ཤར་ཡུལ་གྲུ་Syria གཉིས་ནང་དྲག་གནོན་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་གསོལ་འདེབས་སྩལ་འདུག་༎
ཁ་ས་ཚེས་༧ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྨོན་ལམ་ཆེན་མོའི་གསུངས་ཆོས་སྐབས་ གོང་ས་མཆོག་གིས་ འཛམ་གླིང་གི་ཕྱོགས་གང་སར་དྲག་གནོན་དང་དྲག་ཤུགས་འོག་མི་ཤི་སྐྱོན་ཆགས་འགྲོ་བཞིན་ཡོད་པ་དང་ ལྷག་པར་དུ་བོད་དང་དཀྱིལ་ཤར་ཡུལ་གྲུ་སི་རི་ཡ་གཉིས་ཀྱི་མང་ཚོགས་རྣམས་དཀའ་སྡུག་ཚད་མེད་མྱོང་བཞིན་པ་རེད་ འདི་ལྟ་བུའི་དྲག་རྩུབ་ཅན་གྱི་ཁོར་ཡུག་འོག་གནས་པའི་འདས་སོན་མི་མང་རྣམས་ལ་ང་ཚོ་ཚང་མས་གསོལ་བ་སྨོན་ལམ་འདེབས་དགོས་ཞེས་ཐུགས་སྨོན་གསོལ་འདེབས་གནང་ཡོད་པ་རེད་ ༢༠༠༩ལོར་ བོད་མདོ་སྨད་ཨ་མདོའི་ནང་ཌ་བེ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་ རང་ལུས་མེར་བསྲེག་བཏང་བ་ནས་བཟུང་ བོད་མི་ཚོས་རང་ལུས་མེར་བསྲེག་གི་ལས་འགུལ་གཅིག་མཇུག་གཉིས་མཐུད་བྱུང་བཞིན་ཡོད་པ་དང་ འདས་པའི་བདུན་ཕྲག་གཅིག་པོའི་ནང་བོད་མདོ་སྨད་ཁུལ་དུ་བོད་མི་གསུམ་གྱི་རང་ལུས་མེར་བསྲེག་བཏང་སྟེ་ ད་ཕན་བོད་ནང་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་མཚོན་པའི་རང་ལུས་མེར་བསྲེག་བཏང་བའི་དོན་རྐྱེན་༢༥བྱུང་ཡོད་པ་རེད་ ཁོང་རྣམ་པ་ཚང་མས་ བོད་ལ་རང་དབང་དགོས་ གོང་ས་མཆོག་བོད་ནང་ཕྱིར་ཕེབས་དགོས་ཞེས་གཅིག་མཚུངས་ཀྱི་འབོད་སྒྲ་སྒྲོགས་ཀྱི་ཡོད་པ་རེད་ ཉེ་ལམ་བོད་མི་གསུམ་གྱིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་དང་དེའི་ནང་ནས་ལོ་ན་༡༨སོན་པའི་ན་གཞོན་རྡོ་རྗེ་ཞུ་བ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ལ་ དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་ཕམ་གྱི་གསར་འགོད་གསལ་བསྒྲགས་དང་འབྲེལ་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་དངོས་ཡོད་ཀྱི་བདེ་སྡུག་ལ་རྒྱ་ནག་གཞུང་ནས་བསམ་ཞིབ་ཀྱིས་དཀའ་སྡུག་སེལ་དགོས་པ་དང་དེ་བཞིན་ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གང་མྱུར་སེལ་ཐབས་ཡོང་བའི་སྐོར་སླར་ཡང་ནན་སྐུལ་གནང་ཡོད་པ་རེད་༎