༸གོང་ས་མཆོག་ནས་སྦ་རེ་ཛིལ་གོད་ཆགས་ཕོག་མིར་ཐུགས་སྨོན།
2011.01.15
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྦ་རེ་ཛིལ་ཡུལ་ནང་ཆུ་ལོག་གི་གནོད་འཚེ་ཕོག་ནས་རྐྱེན་འདས་སུ་ཕྱིན་པ་ཚོར་ཐུགས་སྨོན་གསོལ་འདེབས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག་
ད་རེས་སྦ་རེ་ཛིལ་ཡུལ་ནང་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་ཕོག་ནས་ཕྱི་ཚེས་༡༤བར་མི་གྲངས་ལྔ་བརྒྱ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་ ས་གནས་མི་མང་ཁྲི་སྟོང་མང་པོའི་སྡོད་ཁང་ཆུས་ཁྱེར་ནས་སྡོད་ཁྱིམ་མེད་པའི་གནས་སུ་གྱར་ཡོད་པ་མ་ཟད་ ད་དུང་ཡང་མི་གྲངས་མང་པོ་ཤི་སོན་རྩད་མེད་མི་ཐུབ་པར་གནས་མུས་ཡིན་ཞིང་ དེ་ནི་འདས་པའི་སྦ་རེ་ཛིལ་ཡུལ་གྱི་ལོ་རྒྱུས་ནང་ཆུ་ལོག་གི་རང་འབྱུང་གནོད་ཚེ་ཕོག་ཡས་སྡུག་ཤོས་དེ་ཆགས་ཡོད་པ་རེད་ ཡུལ་དེར་རང་འབྱུང་གི་གནོད་ཚེ་ཚབས་ཆེ་ཕོག་པར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྦ་རེ་ཛིལ་གྱི་སྲིད་འཛིན་ཌི་ལམ་ལྦ་ན་རུ་སེཕ་མཆོག་གི་མཚན་ཐོག་སུ་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་གནང་ཡོད་པའི་ནང་ སྦ་རེ་ཛིལ་ཡུལ་ནང་ཆུ་ལོག་གི་རང་འབྱུང་གནོད་འཚེ་ཚབས་ཆེ་ཕོག་ནས་མི་མང་མང་པོའི་ཚེ་སྲོག་ཤོར་བ་དང་ ཁྱིམ་ཚང་མང་པོ་མཐོར་བཤིག་དུ་ཕྱིན་ནས་དཔལ་འབྱོར་གནོད་འཚེ་ཚབས་ཆེ་བཟོས་ཡོད་པ་དེར་ཐུགས་ཕང་ཆེན་པོ་བྱུང་གནང་བ་དང་འབྲེལ་ ༧གོང་ས་མཆོག་ནས་ཆུ་ལོག་གི་གནོད་འཚེའི་ནང་ཚེ་སྲོག་ཤོར་བ་ཚོར་ཐུགས་སྨོན་གསོལ་འདེབས་དང་ ཁོང་ཚོའི་ནང་མི་སྤུན་ཆེད་ཚོར་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་རེད་ ཆུ་ལོག་གི་གནོད་ཚེ་ཕོག་པའི་རྗེས་སྦ་རེ་ཛིལ་གྱི་སྲིད་འཛིན་མཆོག་གནོད་ཚེ་ཕོག་ཡུལ་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཁག་ཅིག་ནང་གཟིགས་ཞིབ་དུ་ཕེབས་ཡོད་པ་དང་ ཐད་འཕུར་གནམ་གྲུ་སོགས་བཏང་ནས་སྲོག་སྐྱོབས་ཀྱི་ལས་དོན་ཁག་སྤེལ་མུས་ཡིན་ཞིང་ ཡིན་ནའི་ད་དུང་ཡང་མུ་མཐུད་ནས་ཆར་པ་ཆེན་པོ་བབས་བཞིན་པར་བརྟེན་ སྲོག་སྐྱོབས་ལས་དོན་སྤེལ་རྒྱུར་དཀའ་ངལ་ཆེན་པོ་བཟོ་གི་ཡོད་པ་མ་ཟད་མི་རྐྱེན་འདས་སུ་འགྲོ་ཡས་ཀྱི་གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག