༸གོང་ས་མཆོག་དང་ཐའེ་ལྦན་ཡེ་ཤུའི་དབུ་ཁྲིད་མཇལ་འཛོམས།
2009.09.02
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐའེ་ལྦན་ནང་ཡོད་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཧྲན་ཀུ་སི་རྣམ་གཉིས་དེ་རིང་རེས་གཟའ་ལྷག་པའི་ཉིན་མཇལ་འཕྲད་གནང་ཡོད་པ་རེད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་ལྔའི་རིང་ཐའེ་ལྦན་ནང་ཆོས་འབྲེལ་གྱི་མཛད་འཆར་བསྐྱང་གནང་རྒྱུའི་དེ་རིང་ཉིན་གསུམ་པར་ཐའེ་ལྦན་ནང་ཡོད་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཧྲན་དང་མཇལ་འཕྲད་གནང་ཡོད་པ་དང་ཆོས་ལུགས་རྣམ་པ་མི་འདྲ་བ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་དབར་དུས་ཡུན་ཚོུད་གཉིས་རིང་དམངས་ཁྲོད་དུ་བཞུགས་མོལ་བགྲོ་གླེང་ལྷན་ཚིགས་ཞིག་ཀྱང་སྐོངས་ཚོགས་གནང་ཡོད་ཅིང་མི་མང་སྟོང་ཕྲག་གཅིག་ལྷག་ཙམ་མཉམ་བཞུགས་ཀྱི་བགྲོ་གླེང་ལྷན་ཚོགས་དེའི་ཐོག་མར་ཉེ་ཆར་ཐའེ་ལྦན་ནང་ཆུའི་འཇིགས་པས་གོད་ཆགས་ཚབས་ཆེ་ཕོག་པའི་མི་མང་ཚོར་དམིགས་གནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལུགས་ནང་ཆོས་ཀྱི་ལམ་སྲོལ་ཐོག་ནས་གསོལ་འདེབས་སྨོན་ལམ་གནང་བ་དང་དེ་རྗེས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཧྲན་ཡིས་རྒྱ་སྐད་ཀྱི་ཐོག་ནས་གསོལ་འདེབས་སྨོན་ལམ་འདེབས་གནང་ཡོད་པ་རེད་བཞག དེ་རིང་ཆོས་ལུགས་མི་འདྲ་བ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ལྷན་འཛོམས་ཀྱིས་གོད་ཆགས་ཕོག་པའི་ཐའེ་ལྦན་མི་མང་ཚོར་ཞི་བདེ་ལྷིང་འཇགས་ཡོང་རྒྱུའི་དགོངས་གཞི་ཆེན་པོའི་ཐོག་ནས་གསོལ་འདེབས་སྨོན་ལམ་གནང་བ་དེ་ཧ་ཅང་གི་བྱིན་རླབས་ཆེན་པོ་ཞིག་ཡིན་པ་དེ་ཡོད་མི་མང་ཚོར་ཚོར་སྣང་ཆེན་པོ་བྱུང་ཡོད་པ་རེད། དེང་སྐབས་ཐའེ་ལྦན་ནང་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱང་གནང་བཞིན་པའི་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་ས་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་ལྷོ་ཕྱོགས་ཀའོ་ཤུང་གྲོང་ཁྱེར་གྱི་རྩེད་ཐང་ཆེན་མོའི་ཐོག་ཉེ་ལམ་ཐའེ་ལྦན་ལྷོ་ཕྱོགས་ས་ཁུལ་ཁག་ཅིག་ལ་ཆུའི་འཇིགས་པས་གོད་ཆགས་ཚབས་ཆེ་ཕོག་པ་དེར་དམིགས་གནང་སྟེ་༸གོང་ས་མཆོག་དབུ་བཞུགས་ཐོག་མི་མང་རྣམས་ནས་སྨོན་ལམ་གསོལ་འདེབས་དུས་ཡུན་ཚོུད་གཉིས་ཙམ་རིང་བཏོན་གནང་ཡོད་པ་རེད།