༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་གྱི་མཇལ་འཕྲད་སྐོར།
2009.11.29
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་གསར་པའི་འགོ་སྟོད་དུ་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་ མཆོག་དང་མཇལ་འཕྲད་ཡོང་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་གནང་ཡོད་པ་རེད། དེ་ཡང་རྒྱ་གར་གཞུང་གི་གསར་འགོད་ལས་དོན་ཚོགས་པས་ཟླ་བ་འདིའི་ཕྱི་ཚེས་༢༧་དང་༢༨་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་དུ་གསར་འགོད་པའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་བ་བཞིན་རེས་གཟའ་སྤེན་པའི་ཉིན་ལྷན་ཚོགས་མཇུག་སྒྲིལ་ཉིན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་རྒྱ་གར་གྱི་གསར་འགོད་པ་༡༤༢་ཙམ་འདུ་འཛོམས་བྱེད་པའི་ཐོག་ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིར་མ་ཕེབས་གོང་ལ་༸གོང་ས་མཆོག་མཇལ་འཕྲད་མ་གནང་བའི་ཐག་གཅོད་དེ་ནི་རྒྱ་ནག་གི་དཔོན་རིགས་ལྷན་དུ་བོད་ཀྱི་གནད་དོན་སྐོར་ལ་བཀའ་མོལ་གནང་རྒྱུའི་ཆེད་དུ་དམིགས་པའི་དགོངས་གཞི་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་དང། མིན་རིང་བར་ཕྱི་ལོ་༢༠༡༠འགོ་སྟོད་དུ་སྲིད་འཛིན་ཨོ་སྦ་མ་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཐུགས་རེ་ཡོད་ཅེས་བཀའ་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་སྤེན་པའི་ཉིན་གསར་འགོད་པའི་ལྷན་ཚོགས་མཇལ་སྒྲིལ་ཐོག་ཆིབས་བསྒྱུར་གྲུབ་པའི་རྗེས་བཞུགས་སྒར་ནས་ལྡི་ལིར་ཆིབས་བསྒྱུར་གྱིས་ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛི་ལེན་ཌི་ནང་ཉིན་གྲངས་བཅུའི་རིང་གི་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་པ་རེད། ཕྱི་ཟླ་༡༢་པའི་ཚེས་༡་དང་༢་ཉིན་གྲངས་གཉིས་རིང་ལ་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་དུ་བྱང་ཆུབ་སེམས་འབྲེལ་གྱི་བཀའ་ཆོས་གནང་རྒྱུ་དང།ཕྱི་ཚེས་༣་ཉིན་མ་འོངས་པའི་མི་རབས་གསར་པ་ཚོའི་ཆེད་དུ་སུའི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་དང་དེ་རྗེས་ཕྱི་ཚེས་༥ ནས་༡༠་བར་ནིའུ་ཛི་ལེན་ཌི་དུ་བདེ་སེམས་རྒྱུད་དང། བྱམས་དང་སྙིང་རྗེ། འཛམ་གླིང་ཞི་བདེ་སོགས་བརྗོད་གཞི་མི་འདྲ་བའི་ཐོག་མི་དམངས་ལ་བཀའ་སློབ་དང། བྱང་ཆུབ་སེམས་འབྲེལ་གྱི་བཀའ་ཆོས་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཡོད་པ་རེད།