༸གོང་ས་མཆོག་ཐའེ་ལྦན་ནས་རྒྱ་གར་དུ་ཆིབས་ཞལ་བསྒྱུར་བ།

༸གོང་ས་མཆོག་གི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལེགས་གྲུབ་ཀྱིས་ཐའེ་ལྦན་ནས་རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ།

2009.09.04

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་ཡུན་ཉིན་གྲངས་ལྔའི་རིང་གི་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལེགས་གྲུབ་ཀྱིས་ཕྱི་ཚེས་བཞིའི་སྔ་དྲོ་ཐའེ་ལྦན་ནས་རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཐའེ་ལྦན་གྱི་ལྷོ་ཕྱོགས་རྫོང་དང་གྲོང་ཁྱེར་ཁག་བདུན་གྱི་དཔོན་རིགས་ཀྱིས་ཇི་ལྟར་འགསོལ་འདེབས་ཞུས་པ་བཞིན་ཐའེ་ལྦན་ནང་ད་རེས་རྒྱ་མཚོའི་རླུང་འཚུབ་ཀྱིས་རྐྱེན་པས་ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་དུ་ཐུགས་སྨོན་གསོལ་འདེབས་གནང་བར་ཆིབས་བསྒྱུར་བསྐྱངས་བ་ཞིག་ཡིན་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ད་རེས་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་རྒྱུ་དེ་ཆོས་ཕྱོགས་ཁོ་ན་མ་གཏོགས་སྲིད་དོན་དང་འབྲེལ་བ་མེད་པ་ཐེངས་མང་བཀའ་གནང་ཡོད་ཀྱང་རྒྱ་ནག་གཞུང་གིས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་པའི་གནད་དོན་ཐོག་སྐྱོན་བརྗོད་ཀྱི་རྣམ་འགྱུར་ཤུགས་ཆེ་བཏོན་ཡོད་པ་དེས་ཐའེ་ལྦན་མི་མང་ཚོར་ཡང་བྱེད་སྟབས་མི་བདེ་བ་བཟོས་ཡོད་ལུགས་ཐའེ་ལྦན་གྱི་ཕྱོགས་འགལ་དམངས་གཙོ་ཡར་རྒྱས་ཚོགས་པའི་གསལ་བསྒྲགས་སྤེལ་བའི་ནང་འཁོད་ཡོད་པ་རེད། ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་རྒྱུར་ཐའེ་ལྦན་གཞུང་གིས་ཐོངས་མཆན་ཕུལ་བའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་ཉེ་བའི་ཆར་རྒྱ་ནག་དང་ཐའེ་ལྦན་དབར་མཁའ་ཐོག་ནས་འགྲུལ་བསྐྱེལ་གནམ་གྲུ་ཐད་ཀར་འཕུར་བསྐྱོད་ཀྱི་མཛད་སྒོ་ཕྱིར་འཐེན་བྱས་ཡོད་པ་མ་ཟད་རྒྱ་ནག་གི་དཔོན་རིགས་ནས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཐའེ་ལྦན་ནང་ཡོང་རྒྱུའི་འཆར་གཞི་ཁག་ཡང་ནར་འགྱངས་བྱས་པ་སོགས་ཐའེ་ལྦན་དང་རྒྱ་ནག་དབར་དེང་སྐབས་ཡར་རྒྱས་འགྲོ་བཞིན་པའི་འབྲེལ་ལམ་ལ་ཕྲན་བུའི་གནོད་ཚབས་བྱུང་བའི་རྣམ་པ་ཞིག་བཏོན་ཡོད་ན་ཡང་ཐའེ་ལྦན་ནང་གི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་རྣམ་འགྱུར་དེ་རིགས་གནས་སྐབས་ཤིག་མ་གཏོག་རྒྱུན་རིང་གནས་ཐབས་མེད་པའི་དགོངས་ཚུལ་གསུང་གི་ཡོད་ཅིང་ཐའེ་པེ་ཀྱི་སུའུ་ཆའོ་སློབ་གྲྭ་ཆེན་མོའི་ཆབ་སྲིད་དང་ཚན་རིག་སྡེ་ཚན་གྱི་དགེ་རྒན་སུའུ་ཡུང་མིང་གིས་གསུངས་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་པ་དེས་རྒྱ་ནག་དང་ཐའེ་ལྦན་གྱི་འབྲེལ་ལམ་ལ་ཕྲན་བུའི་གནོད་ཚབས་བྱུང་བའི་རྣམ་པ་ཞིག་ཡོད་ཀྱང་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་འཕེལ་རྒྱས་ཀྱི་རྒྱུན་རིང་ལམ་བུར་གནོད་ཚབས་གང་ཡང་ཡོང་མི་སྲིད་པ་ཞིག་ཡིན་པ་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་པ་དེས་དོན་དངོས་ཐོག་རྒྱ་ནག་དང་ཐའེ་ལྦན་སོགས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་རེད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎