རྒྱ་རིགས་ལིའུ་ཤའོ་ཕུའུ་གློད་འགྲོལ་ཡོང་བར་འབོད་སྐུལ་ཞུས་འདུག
2010.10.26
༄༅༎འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སྐབས། འདི་ལོའི་ནོ་སྦེལ་ཞི་བདེའི་བྱ་དགའ་ཐོབ་མཁན་སྐུ་ཞབས་ལིའུ་ཤའོ་ཕུའུ་གློད་འགྲོལ་ཡོང་བར་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་གལ་ཆེ་སྐོར་བོད་མིའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་གཙོས་པའི་དེ་སྔ་ཞི་བདེའི་བྱ་དགའ་དེ་བཞེས་མྱོང་ཡོད་པའི་མི་སྣ་བཅོ་ལྔས་འབོད་སྐུལ་ཞུས་གནང་ཡོད་འདུག
དེ་ཡང་ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་མྱོང་མཁན་རྣམ་པས་འདི་ཚེས་༢༥ཉིན་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་དབུ་འཁྲིད་རྣམ་པར་འབོད་སྐུལ་གྱི་ཕྱག་བྲིས་ཤིག་གནང་བའི་ནང༌། འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་དེ་ནི། སྐུ་ཞབས་ལིའུ་ཤའོ་ཕུའུ་ཡི་གནད་དོན་སྐོར་གླེང་སློང་བྱེད་པའི་གོ་སྐབས་ཤིག་ཡིན་པ་ཙམ་མ་ཟད། ཁྱེད་རྣམ་པས། ཁོང་བཙོན་ནས་གློད་འགྲོལ་ཡོང་བར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ལ་ནན་སྐུལ་གནང་རོགས་ཞེས་ང་ཚོས་གདུང་ཤུགས་དྲག་པོའི་ཐོག་ནས་འབོད་སྐུལ་ཞུ་རྒྱུ་དང་། གལ་སྲིད་རྒྱ་ནག་གཞུང་གིས་སྐུ་ཞབས་ལིའུ་ཤའོ་ཕུའུ་གློད་འགྲོལ་བཏང་བ་ཡིན་ན། དེ་ཡིས་འདས་པའི་མི་ལོ་བཅུ་ཕྲག་འགའ་ཤས་རིང་རྒྱ་ནག་གི་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད་པའི་རྣམ་པ་གསལ་ཐོན་ཡོང་གི་རེདཅེས་སོགས་གསུངས་ཡོད་འདུག
འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཆེས་མཐོའི་ལྷན་ཚོགས་དེ་འདི་ལོའི་ཕྱི་ཟླ་༡༡པའི་ཚེས་༡༠དང་༡༡སྟེ་ཉིན་གཉིས་ཀྱི་རིང་ལྷོ་ཀོ་རི་ཡའི་རྒྱལ་ས་སོའོལ་དུ་འཚོགས་གཏན་འཁེལ་ཡོད་པ་དང༌། ད་ལམ་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་དབུ་འཁྲིད་རྣམ་པའི་མཚན་ཐོག་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་བསྟོད་ཀྱི་བྱ་དགའ་ཐོབ་མཁན་སྐུ་ཞབས་ལིའུ་ཤའོ་ཕུའུ་གློད་འགྲོལ་ཡོང་བར་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་དགོས་པའི་ཕྱག་བྲིས་དེའི་ཐོག་ བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང༌། ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཁའར་ཊར་ ལྷོ་ཨཕ་རི་ཀའི་ཡེ་ཤུའི་བླ་ཆེན་ཌེ་སི་མེན་ཀྲུ་ཀྲུ་ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་ ཨེ་རན་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་ལྕམ་ཤི་རིན་ཨི་སྦ་ཌི་ ལྷོ་ཨཕ་རི་ཀའི་སྲིད་འཛིན་ཟུར་པ་ཨེཕ་ཌབ་ལུ་ཌི་ཀ་ལཀ་ པོ་ལེནཌ་ཡི་སྲིད་འཛིན་ཟུར་པ་ལེཀ་ལྦ་ལེ་ས་སོགས་ནོ་སྦེལ་ཞི་བདེའི་བྱ་དགའ་བཞེས་མྱོང་མཁན་བཅོ་ལྔས་མཚན་རྟགས་བཀོད་ཡོད་པའི་འགྲེལ་བརྗོད་བྱས་འདུག།