ལྕགས་དྲའི་ནང་ཁྱིམ་བྱ་གསོ་སྐྱོང་བྱ་ཐབས་མཚམས་འཇོག་དགོས།
2010.09.01
༄༅༎རྒྱལ་སྤྱིའི་དུད་འགྲོའི་སྙིང་རྗེ་ཚོགས་པས་ལྕགས་དྲའི་ནང་ཁྱིམ་བྱ་གསོ་སྐྱོང་བྱ་ཐབས་མཚམས་འཇོག་ཡོང་བའི་ལས་འགུལ་སྤེལ་བར་དེ་རིང་༧གོང་ས་མཆོག་གིས་རྒྱབ་སྐྱོར་གྱི་གསུང་འཕྲིན་ཞིག་བསྩལ་ཏེ་དུད་འགྲོ་སེམས་ཅན་ལ་འཚེ་བ་ཉུང་ཙམ་ཡོང་ཐབས་ཀྱི་སྒོ་ནས་གསོ་སྐྱོང་དང་བདག་སྐྱོང་བྱ་དགོས་པའི་བཀའ་སློབ་ཟབ་མོ་ཕེབས་ཡོད་པའི་སྐོར་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག
དེ་ཡང་༧གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་ནང་། ཁྱིམ་བྱ་གསོ་སྦྱོང་བྱེད་མཁན་ཚོས་ཁྱིམ་བྱ་ལྕགས་དྲའི་ནང་བླུགས་ཏེ་གསོ་སྐྱོང་བྱ་ཐབས་ནི་སེམས་ཅན་ལ་འཚེ་བ་བཟོ་གི་ཡོད་པར་བརྟེན་ནས་མི་དམངས་ཚོས་ཀྱང་ཁྱིམ་བྱ་ལྕགས་དྲའི་ནང་གསོ་སྦྱོང་བྱེད་མཁན་གྱི་སྒོ་ང་ཉོ་སྒྲུབ་མ་བྱས་པར་ཕྱི་ཕྱོགས་རང་དབང་ནང་གསོ་སྐྱོང་བྱེད་པའི་སྒོ་ང་ཉོ་སྒྲུབ་བྱེད་དགོས་པའི་བཀའ་སློབ་ཕེབས་པ་མ་ཟད། ཁྱིམ་བྱ་ལྕགས་དྲའི་ནང་བཅུག་ཏེ་འཕྲུལ་ཆས་ལྟ་བུའི་སྒོ་ངའི་ཐོན་སྐྱེད་བྱེད་མཁན་དེ་དག་ནི་སེམས་ཅན་གྱི་བེད་སྡུག་ལ་བསམ་བློ་རྩ་བ་ནས་མི་གཏོང་མཁན་ཁོ་ན་ཡིན་པའི་ཁར་བྱ་སྤྱོད་དེ་དག་ནི་འགྲོ་བ་མིའི་རིགས་ཀྱི་མི་ཆོས་དང་མི་མཐུན་པ་ཞིག་ཡིན་པར་བརྟེན་ནས། ང་ཚོས་རང་དབང་ཡོད་པའི་ཁྱིམ་བྱའི་སྒོ་ང་ཉོ་སྒྲུབ་བྱེད་མཁན་མང་དུ་ཕྱིན་པ་ཡིན་ཚེ་ཐབས་ལམ་དེ་ཡིས་རང་དབང་མེད་པའི་ཁྱིམ་བྱའི་ཐོག་འཚེ་བ་བྱེད་རྒྱུ་ཉུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད། ད་དུང་ལྕགས་དྲའི་ནང་བླུགས་པའི་བྱ་བྱིའུ་མང་པོ་ཞིག་ནི་སྡོད་ས་རླུང་ཙིའི་ནང་བྱ་རེ་གཤོངས་བའི་ས་ཆའི་རྒྱ་ཁྱོན་ཙམ་ལས་མེད་པའི་ཧ་ཅང་གི་གུ་དོགས་པོ་ཡོད་པ་གཟིགས་ཞིབ་བྱུང་གནང་བ་དང༌། དེ་བཞིན་གྱི་ཁྱིམ་བྱ་གསོ་སྐྱོང་བྱེད་སྟངས་རང་དབང་མེད་པའི་འཚེ་བའི་བྱ་སྤྱོད་དེ་ཡིས་རྟག་ཏུ་ཐུགས་བློ་མི་བདེ་བ་དང༌། བཟའ་ཆ་ཐོན་སྐྱེད་བྱེད་མཁན་ཚོས་སེམས་ཅན་དེ་ཚོ་གསོ་སྐྱོང་བྱེད་སྟངས་ཀྱི་ཐོག་ལ་ཐུགས་འཚབ་ཆེན་པོ་ཡོང་གི་ཡོད་པའི་བཀའ་གནང་ཡོད་པ་རེད། ཡོ་རོབ་ཀྱི་རྒྱལ་ཁབ་ཇར་མི་ནི་དང༌། ཨོ་སི་ཏྲི་ཡ་ ནོར་ལྦེ་ སུད་སི་ལེན་ ཕིན་ལེན་བཅས་ལྔའི་ནང་བྱ་དེ་ལྕགས་དྲའི་ནང་བླུགས་ཏེ་གསོ་སྐྱོང་བྱེད་སྲོལ་དེར་དམ་བསྒྲགས་བྱས་ཟིན་པ་དང༌། ཡོ་རོབ་མཉམ་སྦྲེལ་རྒྱལ་ཁབ་གཞན་ཚོས་ཀྱང་ལག་ལེན་བསྟར་ཐབས་འབད་བརྩོན་བྱེད་བཞིན་པ་དང་ཁོང་ཚོས་མ་འོངས་པའི་ཕྱི་ལོ་༢༠༡༢ ནང་ཚུད་ལ་ཆ་ཚང་བ་ལག་ལེན་དོན་འཁྱོལ་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།