༸གོང་ས་མཆོག་གི་ཨ་རིའི་ནང་གི་མཛད་འཕྲིན།
2010.10.14
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་ནུབ་རྒྱུད་ཀེ་ལི་ཕོ་ནི་ཡའི་མངའ་སྡེའི་ནང་མཛད་འཕྲིན་བསྐྱངས་གནང་བཞིན་ཡོད་པ་ནས་ཁ་ས་ཚེས་བཅུ་གསུམ་ཉིན་དགེ་ལྡན་ཤོད་གླིང་ཆོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སངས་རྒྱས་འོད་དཔག་མེད་ཀྱི་རྗེས་སྣང་བསྩལ་གནང་ཡོད་པ་དང་ དེ་ནས་ཉིན་རྒྱབ་ཉེ་འཁྲིས་པ་ལོ་ཨལ་ཀྲོ་ཞེས་པའི་རྫོང་ཁོངས་ཀྱི་དབང་པོ་སྐྱོན་ཅན་དང་ནད་གཅོང་སློབ་ཕྲུག་གསུམ་བརྒྱ་ཙམ་ལ་བྱམས་བརྩེའི་བཀའ་སློབ་གནང་ཡོད་འདུག
སྔ་ཐོག་ཆོས་འབྲེལ་མ་སྩལ་བའི་གོང་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མ་ཡེ་ཀལ་ཧོན་དྲ་མཆོག་གིས་༸གོང་ས་མཆོག་མངའ་ཁུལ་འདིའི་ནང་ཆིབས་བསྒྱུར་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང་ ལྷག་པར་དུ་ཁོང་གིས་ དེང་སང་གནས་སྟངས་ཛ་དྲག་པའི་དུས་ཚོད་འདི་འདྲ་ཞིག་སྐབས་༸གོང་ས་མཆོག་གིས་ཨ་རིའི་མང་ཚོགས་དང་མངའ་ཁུལ་འདིའི་ནང་མི་མང་ཚོར་བྱམས་བརྩེའི་ངང་ནས་སྤྱི་ཚོགས་བརྟན་ལྷིང་གནས་ཐབས་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་གནང་བ་དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་རྒྱུ་ཡིན་ལུགས་དང་ ༸གོང་ས་མཆོག་ནི་དེ་སྔ་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་འབུལ་བཞེས་གནང་བ་གཞིར་བཟུང་རྒྱུན་གཏན་ནས་སྐུ་ཉིད་ཀྱི་འཛམ་གླིང་ཁྱོན་ཡོངས་ལ་མིག་དཔེ་འོས་པའི་མཛད་རྗེས་བཞག་གནང་མཁན་ཞིག་ཀྱང་ཡིན་ལུགས་སོགས་བསྔགས་བརྗོད་ཀྱིས་ཆེ་བསྟོད་ཞུས་གནང་ཡོད་པ་རེད།
དེ་ནས་སློབ་ཕྲུག་ཚོར་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཡོད་པ་ལྟར་འདྲི་བ་མང་པོ་ཕུལ་བའི་ཁོངས་ནས་གཅིག་གིས། སྐུ་ཚེའི་ནང་ཐུགས་གྱོད་པ་ཆེ་ཤོས་ག་རེ་བྱུང་ཡོད་མེད་ཞུས་པར་ ༸གོང་ས་མཆོག་གིས་ཆུང་དུས་རྩེད་མོར་དགའ་པོ་ཡོད་པ་དང་ སྐབས་རེ་སྒྱིད་ལུག་བྱས་ནས་སློབ་སྦྱོང་ཐོག་དོ་སྣང་བྱེད་རྒྱུ་འཐུས་ཤོར་བཏང་ཡོད། དུས་ཚོད་དེ་བསྐྱར་ལོག་ཡོང་རྒྱུ་མེད་སྟབས་དེ་འཐུས་ཤོར་ཕྱིན་པ་རེད་ཅེས་བཀའ་ལན་གནང་ནས་གང་ལྟར་སློབ་ཕྲུག་ཚོར་སློབ་སྦྱོང་ལ་དོ་སྣང་ཤུགས་ཆེ་ཙམ་སྤྲོད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་སོགས་ཀྱི་ལམ་སྟོན་བསྩལ་གནང་ཡོད་པ་རེད།