ཨ་རུ་ནཱ་ཅལ་མངའ་སྡེའི་ཀེ་ལོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནགས་ཚལ་གྱི་འགྲུལ་ལམ་དང་སྐྱེ་ལྡན་སྣ་ཚོགས་ལྡན་པའི་སྐྱེད་མོས་ཚལ་ཞིག་གསར་རྒྱག་གནང་འཆར།

2025.01.22
ཨ་རུ་ནཱ་ཅལ་མངའ་སྡེའི་ཀེ་ལོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནགས་ཚལ་གྱི་འགྲུལ་ལམ་དང་སྐྱེ་ལྡན་སྣ་ཚོགས་ལྡན་པའི་སྐྱེད་མོས་ཚལ་ཞིག་གསར་རྒྱག་གནང་འཆར། ནགས་ཚལ་གྱི་འགྲུལ་ལམ་དང་སྐྱེ་ལྡན་སྣ་ཚོགས་ལྡན་པའི་སྐྱེད་མོས་ཚལ་གསར་རྒྱག་གནང་རྒྱུའི་རྨང་རྡོ་འཛུགས་སྐབས། ༢༠༢༥།༠༡།༢༠ ཉིན།
Tsetan Chombay

རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ཝེས་ཀེ་མིང་རྫོངས་ཁོངས་ནང་ཆགས་པའི་ཀེ་ལོང་ཞེས་པའི་ས་གནས་སུ། ཟླ་བ་འདིའི་ཚེས་ ༡༨ ནས་ ༢༠ བར་བཅས་ཉིན་གྲངས་གསུམ་རིང་བྱ་རྒོད་ཀྱི་ཚང་ཞེས་པའི་བྱའི་དུས་སྟོན་ཐེངས་བཞི་པ་དེ་འཚོགས་ཡོད་པ་དང་། དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་མངའ་སྡེའི་ནགས་ཚལ་དང་ཁོར་ཡུག་བློན་ཆེན་དབང་སྐྱིད་ལུ་དབང་ལགས་གཙོས་པའི་ཏི་རི་རྫི་ནོ་བྷོ་ར་གྷན་ཨོ་ས་གནས་གྲོས་ཚོགས་འཐུས་མི་བསྟན་འཛིན་ཉི་མ་ལགས། གྲོངས་སྡེ་ལས་ཁུངས་ཀྱི་ཚོགས་གཙོ་ཀརྨ་རྡོ་རྗེ་ཐོང་གྲོགས་ལགས། ཀ་ལག་ཐང་གི་གྲོས་ཚོགས་འཐུས་མི་ཚེ་བསྟན་ཆོས་འཕེལ་ལགས། དེ་བཞིན་མངའ་སྡེ་ཁག་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་དང་ས་གནས་ཡུལ་མི་བཅས་ཕེབས་འདུག་ཅིང་། མཛད་སྒོའི་ཐོག་མངའ་སྡེའི་ནགས་ཚལ་དང་ཁོར་ཡུག་བློན་ཆེན་དབང་སྐྱིད་ལུ་དབང་ལགས་ཀྱིས་ (The Dalai Lama Heritage trekking Trail) འམ་ནགས་ཚལ་གྱི་འགྲུལ་ལམ་དང་(The Dalai Lama Biodiversity Park) འམ་སྐྱེ་ལྡན་སྣ་ཚོགས་ལྡན་པའི་སྐྱེད་མོས་ཚལ་ཞིག་གསར་རྒྱག་གནང་རྒྱུའི་རྨང་རྡོ་འཛུགས་གནང་འདུག

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་འདིའི་ཉེ་འདབས་སུ་ཆགས་པའི་བོད་དགོན་ཐུབ་བསྟན་ཆོས་གླིང་དགོན་པའི་དབུ་འཛིན་དགེ་བཤེས་འཇིག་མེད་ཐུབ་བསྟན་ལགས་ཀྱིས། ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་ཕྱོགས་ནས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་སྐབས་ཀྱི་ཕེབས་ལམ་དང་བཞུགས་ཞག་མཛད་སའི་ས་ཚིགས་དེ་དག་ལོ་རྒྱུས་རང་བཞིན་ལྡན་པ་དང། ལྷག་པར་དུ་ནང་པའི་ཡུལ་མི་ཚོའི་ཆེད་དུ་གནས་རྩ་ཆེན་ཞིག་ལ་ངོས་འཛིན་ཞུས་ཐོག་ད་རེས་ཀྱི་མཛད་སྒོ་དེ་འཚོགས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

མཛད་སྒོའི་ཐོག་མངའ་སྡེའི་ནགས་ཚལ་དང་ཁོར་ཡུག་བློན་ཆེན་དབང་སྐྱིད་ལུ་དབང་ལགས་ཀྱིས། ས་ཚིགས་འདིའི་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཡོད་པ་དང་། སྐབས་དེ་དུས་མགོན་པོ་མཆོག་ལ་དཀའ་སྡུག་མང་པོ་ཞིག་འཕྲད་ཡོད་ན་ཡང་མུ་མཐུད་འཛམ་གླིང་ཞི་བདེ། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་བསླབ་བྱའི་བརྒྱུད། འགྲོ་བ་ཀུན་ལ་ཕན་རླབས་རྒྱ་ཆེ་བསྐྱངས་བཞིན་ཡོད་པས། ང་ཚོས་ད་རེས་༸གོང་ས་མཆོག་གི་མཚན་གནས་ཐོག་ནགས་ཚལ་གྱི་འགྲུལ་ལམ་དང་སྐྱེད་མོས་ཚལ་གྱི་རྨང་རྡོ་འཛུགས་པ་དེ་འོས་ཤིང་འཚམ་པ་ཞིག་དང། མངའ་སྡེ་གཞུང་ཕྱོགས་ནས་ལས་གཞི་དེ་ཚགས་ཚུད་དང་ལམ་ལྷོང་ལྡན་པ་ཞིག་ཡོང་བའི་ཆེད་དུ་རོགས་སྐྱོར་གང་ཐུབ་གནང་རྒྱུ་ཡིན་ཞེས་གསུངས་འདུག་ལ། ཀ་ལག་ཐང་གི་གྲོས་ཚོགས་འཐུས་མི་ཚེ་བརྟན་ཆོས་འཕེལ་ལགས་ཀྱིས། ད་རེས་ས་ཁུལ་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་ཐོག་ནགས་ཚལ་གྱི་འགྲུལ་ལམ་དང་སྐྱེད་མོས་ཚལ་གསར་རྒྱག་གནང་རྒྱུའི་རྨང་རྡོ་འཛུགས་ནས་དྲིལ་བསྒྲགས་དང་གོང་སྤེལ་གནང་བ་དེས་མ་འོངས་ནང་པ་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་རང་བྱུང་ཁམས་ལ་དགའ་མོས་གནང་མཁན་དང་། ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་ས་ཚིགས་དེ་བཞིན་དྲན་སྐུལ་དང་། དེའི་གལ་གནད་སྐོར་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུངས་འདུག

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་བཙན་བཟུང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཁོར་ལྷན་རྒྱས་དང་བཅས་པ། བོད་མཚོ་སྣ་ས་ཁུལ་བརྒྱུད་བཙན་བྱོལ་རྒྱ་གར་ལུང་པའི། འཕགས་བོད་ས་མཚམས་ཁུལ་ཀེན་ཛ་མ་ནི་དང་། དེ་ནས་ཇི་མི་ཐང་། རྟ་དབང་དང་འབུམ་སྡེ་ལ་དང་ཀེ་ལོང་བཅས་སུ་ཆིབས་བསྒྱུར་ཐོག་མ་དེ་བསྐྱངས་ཏེ། ས་ཚིགས་དེ་དག་བརྒྱུད་བཙན་བྱོལ་དུ་ཞབས་སོར་འཁོད་ཡོད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་བསྣམས་ཕེབས་པའི་ཕྱག་ཁར་དེ་བཞིན་ས་ཚིགས་དེར་འཛུགས་གནང་མཛད་ས་དེར་ལྗོན་ཤིང་ཞིག་སྐྱེས་ཡོད་པ་དེ་ད་ཆ་ཧ་ཅང་རྒྱས་ཏེ་གནས་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎