བཀའ་ཤག་གིས་དམིགས་བསལ་སྐུ་ཚབ་གཉིས་ཀྱི་དགོངས་ཞུར་ངོས་བཞེས།
2012.06.04
༄༅༎༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློས་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ནས་དགོངས་ཞུ་གནང་དོན་ལྟར་བཀའ་ཤག་གིས་བློ་ཕམ་དང་བཅས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་དགོངས་ཞུ་ངོས་བཞེས་གནང་བཞག།
ཕྱི་ལོ་ ༢༠༠༢ ནས་བཟུང་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། ཕྱག་རོགས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་ཐེངས་དགུ་གནང་ཡོད་པ་དང༌། འབྲེལ་མོལ་མཐའ་མ་དེ་ཕྱི་ལོ་ ༢༠༡༠ ཟླ་ ༡ ནང་གནང་ཡོད་པ་རེད། སྔ་ལོའི་ཕྱི་ཟླ་ ༤ པའི་ནང་དམིགས་བསལ་སྐུ་ཚབ་མཆོག་ལས་གནས་ནས་དགོངས་ཞུ་གནང་འདུན་ཡོད་སྐོར་གསུངས་ཡོད་ཀྱང༌། སྐབས་དེར་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དགོངས་ཞུ་ངང་འཐེན་གནང་དགོས་པ་དང༌། སྐུ་ཚབ་གཉིས་ནས་མུ་མཐུད་འབྲེལ་མོལ་ཡོང་ཐབས་འབད་བརྩོན་གནང་དགོས་པའི་བཀོད་མངགས་གནང་ཡོད་འདུག༌། འོན་ཀྱང་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ དང་ ༣༡ ཉིན་གཉིས་རིང་ བཞུགས་སྒར་རྡ་རམ་ས་ལར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་སར་སྐུ་ཚབ་གཉིས་ནས་རྒྱ་ནག་གཞུང་གིས་འབྲེལ་མོལ་ལ་བཟང་ཕྱོགས་ཀྱི་ལན་གཏན་ནས་མ་བྱུང་བར་བློ་ཕམ་དང་བཅས་བཀའ་བློན་ཁྲི་པར་དགོངས་ཞུ་ཕུལ་གནང་བཞག།
དགོངས་ཤོག་ནང་སྐུ་ཚབ་གཉིས་ཀྱིས་ རྒྱ་ནག་གཞུང་གིས་བོད་ཐོག་མཁྲེགས་འཛིན་གྱི་ལངས་ཕྱོགས་མུ་མཐུད་རྒྱུན་འཛིན་བྱེད་པ་དང༌། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་ཛ་དྲག་ཐབས་སྡུག་གི་གནས་བབ་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་བྱུང་བའི་རྐྱེན་གྱིས་རང་ལུས་མེར་བསྲེགས་ཀྱི་ཡིད་སྐྱོའི་དོན་རྐྱེན་གྱིས་མཚོན་པའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང༌། ལྷག་པར་སྐུ་ཚབ་གཉིས་ནས་ཕྱི་ལོ་ ༢༠༠༨ དང་ ༢༠༡༠ སོ་སོར་རྒྱ་ནག་གི་རྩ་ཁྲིམས་གཞི་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་ འགྲེལ་བརྗོད་ཡིག་ཆ་སྤྲད་པར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ནས་བཟང་ཕྱོགས་ཀྱི་ཡ་ལན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་ རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་པའི་བསམ་ཚུལ་སྤེལ་བ་ནི་མི་རིགས་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་ཆེད་ཡིན་པར་གཟིགས་པ་སོགས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་ད་ལྟའི་ཆར་དོན་སྙིང་ལྡན་པའི་འབྲེལ་མོལ་ཡོང་བའི་རེ་བ་དཀའ་བར་་དགོངས་ནས་མུ་མཐུད་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཀྱི་ལས་འགན་འཛིན་རྒྱུ་བློས་འགན་བཟོད་ཐབས་བྲལ་བས་དགོངས་འཁྲོལ་ཅིས་ཀྱང་ཡོང་བ་ཞེས་དགོངས་ཤོག་ནང་གསུངས་ཡོད་འདུག་།
བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ དགོངས་ཞུ་ངོས་བཞེས་གནང་ཐོག་ དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ནས་འདས་པའི་ལོ་བཅུའི་རིང་གི་འབྲེལ་མོལ་གྱི་བརྒྱུད་རིམ་ནང་རིན་ཐང་བྲལ་བའི་ཞབས་འདེགས་ཞུས་ཡོད་པ་དང་། བཀའ་ཤག་གིས་མུ་མཐུད་ཁོང་རྣམ་གཉིས་ནས་སློབ་སྟོན་བཞེས་རྒྱུ་མ་ཟད། ཁོང་གཉིས་ལས་དོན་ཚོགས་ཆུང་ནང་ཚོགས་མི་རྒན་པའི་ངོ་བོར་མུ་མཐུད་བཞུགས་གནང་གི་རེད་ཅེས་གསུངས་བཞག།