༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་གནས་ཚུལ་སྤེལ་བར་འཛམ་གླིང་ཁྱོན་ནས་ངོ་རྒོལ་བྱེད་བཞིན་པ།

2023.04.15
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་གནས་ཚུལ་སྤེལ་བར་འཛམ་གླིང་ཁྱོན་ནས་ངོ་རྒོལ་བྱེད་བཞིན་པ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

དེ་རིང་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ལ་དྭགས་ཁུལ་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། དེ་བཞིན་ལ་དྭགས་ནང་པ་ཚོགས་འདུ་དང་ལ་དྭགས་དགོན་ཚོགས་ཀྱིས་དབུས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བེུད་ལྷན་ཚོགས་བཅས་ཀྱི་སྐུ་ཚབ་འདུ་འཛོམས་གནང་སྟེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཕྲུ་གུ་ཞིག་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་མཇལ་ཁ་གནང་པའི་གནད་དོན་འདི་བརྙན་ཐུང་ཞིག་ཏུ་བཅད་བཏུབ་བྱས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་འདིར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་པ་དང་། འདི་ཐད་མཚན་སྨད་ཞུ་མཁན་གྱི་མི་སྣ་དང་བརྒྱུད་ལམ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་དག་ཐུགས་བརྟན་ཞེས་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།  དེ་བཞིན་ལ་དྭགས་ས་གནས་སུ་ཕྱི་ཚེས་ ༡༧ ཉིན་ལ་དྭགས་ཡོངས་སུ་སྒོ་བརྒྱབ་སྟེ་མི་མང་གི་འདུ་འཛོམས་ཆེན་པོ་ཞིག་གནང་སྟེ་རྔམ་སྟོན་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གནང་གཏན་འཁེལ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་ཀྱི་གསར་འགོད་པ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་གསུངས་བྱུང་།
ལ་དྭགས་ཀར་གྷིལ་ནང་པའི་ཚོགས་འདུས་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པའི་གནས་དོན་ཐད་ཧ་ལས་ཧོན་ཐོར་བའི་གནས་ཚུལ་ཞིག་ཡིན་ཞིང་། ཧ་ཅང་བློ་འཚབ་བྱུང་ཞེས་བརྗོད་ཡོད་པ་རེད།
ཡང་དེ་རིང་ཕྱི་ཟླ་ ༤ ཚེས་ ༡༥ སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་ཧིན་བོད་མཛའ་སྦྲེལ་ཚོགས་པས་གསར་འགོད་གསལ་བསྒྲགས་གནང་སྟེ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་ཞུས་ཡོད་ཅིང་། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་མོན་རྟ་དབང་ཁུལ་དུ་མཚོན་ན།  རྒྱ་གར་གྱི་མི་སེར་ཡིན་པའི་དད་ལྡན་པ་མང་པོ་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་གཞུང་ལམ་དུ་ཐོན་ནས་མོན་རྟ་དབང་དགོན་པའི་ཉེ་འདབས་ Chamleng ནས་ Buddha Park བར་དུ་མོ་ཊའི་སྟེང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་ཕྲེད་དར་ཕྱྭར་ཏེ།  ང་ཚོ་རྟ་དབང་མི་མང་ཚོ་༧གོང་ས་༧སྐྱབས་མགོན་༧སྐུ་ཕྲེང་ ༡༤ ཆེན་པོ་མཆོག་དང་ལྷན་དུ་ཡོད་ཅེས་ཚིག་བརྗོད་འཁོད་པའི་ཡིག་ཆ་གཤམ་ཏེ་ཁྲོམ་སྐོར་གནང་འདུག་ཅིང་། རྟ་ཝང་རྫོང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་བདུད་འདུལ་ལགས་ཀྱིས་ཞི་བའི་གོམ་བགྲོད་འདི་བརྒྱུད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བརྒྱུད་ལམ་ཚོས་འཆལ་གཏམ་སྤེལ་པའི་ཐད་ས་གནས་མང་ཚོགས་ཀྱི་སེམས་ཚོར་ལ་ཕོག་ཐུགས་ཧ་ཅང་བྱུང་པ་འདི་གསལ་སྟོན་ཞུ་ཆེད་ལས་འགུལ་འདི་གོ་སྒྲིག་ཞུས་ཡིན་པ་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་འདུག

ladakh buddhist.jpeg

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་གྱི་རྔམ་སྟོན་འདུ་འཛོམས་སར་མོན་ཡུལ་གྱི་གཤོད་དང་ Ketchanga གྲོང་སྡེ། ས་གནས་ཀྱི་ཚོང་ལམ་ཁག་གསུམ་ནས་ཚོང་པ་བཅས་ནས་མཉམ་ཞུགས་གནང་པ་མ་ཟད། རྟ་དབང་དགོན་པ་དང་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་གི་དགེ་འདུན་པ་བཅས་ནས་ལྷན་ཞུགས་གནང་འདུག
ལས་འགུལ་གོ་སྒྲིག་པའི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུས་པ་འདི་ནི་མཐའ་མཚམས་ཕ་རོལ་གྱི་བྱ་སྤྱོད་ཡིན་པ་དང་། འདིའི་ཐོག་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྱིས་འཁྱོག་བརྗོད་ཀྱི་གནས་ཚུལ་སྤེལ་བར་ངོ་རྒོལ་ཡོད་ཅེས་བརྗོད་དེ་རྔམ་སྟོན་ངོ་རྒོལ་གནང་ཡོད་ཅིང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་ནས་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་མུས་སུ་ཡོད་པ་རེད།
ཡང་བོད་མིའི་སྤྱི་ཚོགས་ཁྲོད་ནས་བོད་མི་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨོད་ཞུས་པ་འདིར་བློ་ཕམ་ཧ་ཅང་ཆེན་པོ་བྱུང་པ་སྤྱི་ཚོགས་དྲ་ལམ་ཁག་ཏུ་བསམ་ཚུལ་བརྗོད་བཞིན་ཡོད་ཅིང་། བོད་མི་མང་པོ་ཞིག་གིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡིག་འབྲེལ་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང་འབྲེལ་ནས་གནས་ཚུལ་འདི་རིགས་ཞིབ་འཇུག་མེད་པར་གང་བྱུང་བཏོན་པའི་ཐད་སྐྱོན་བརྗོད་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།

menri.jpeg

 

༧གཡང་དྲུང་བོན་གྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རི་ཁྲི་འཛིན་མཆོག་གི་གསལ་བསྒྲགས།

བོད་མིའི་སྤྱི་ཚོགས་ཁྲོད་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་གསལ་བསྒྲགས་སྤེལ་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་པའི་གནད་དོན་ཐད་རང་རང་གི་དགོངས་ཚུལ་སྤེལ་བཞིན་ཡོད་ཅིང་། ཞྭ་དཀར་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རི་ཁྲི་འཛིན་ ༣༤ ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་གནང་མཛད་དེ། དོན་རྐྱེན་འདིའི་རྐྱེན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་གྱི་སློབ་མ་ཡོངས་ལ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཡོད་ཀྱང་། འདིའི་རྐྱེན་གྱི་སེམས་སྡུག་གིས་མནར་ནས་ཆགས་སྡང་རྨོངས་གསུམ་གྱི་གཞན་དབང་དུ་མི་སོང་བར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བྱང་སེམས་སྒོམ་ཏེ་རང་ཉིད་བག་ཕེབས་ངང་གནས་དགོས་པའི་རེ་འདུན་གནང་འདུག

sakya.jpeg

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་གསལ་བསྒྲགས།

དཔལ་ས་སྐྱ་གོང་མ་༧ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་གསལ་བསྒྲགས་སྤེལ་གནང་མཛད་པའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་དང་དགོངས་བཞེད་ལ་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གིས་རྩོད་གླེང་གི་གཞི་རྩ་བཟོས་པའི་ཐད་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་པ་བཀོད་འདུག་ཅིང་། ༧གང་ཉིད་ཀྱི་༧སྐུ་ཚེ་ཧྲིལ་པོར་འགྲོ་བ་མིའི་བདེ་རྩའི་ཆེད་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་། བྱམས་སྙིང་རྗེ་དང་། བརྩེ་བ། བྱང་ཆུབ་ཀྱི་སེམས་ཁྱབ་སྤེལ་མཛད་མཁན་ཡིན་པའི་ཐོག བོད་མི་ཚོར་༧མགོན་སྐྱབས་ལམ་སྟོན་མཛད་པོ་བླ་མེད་ཡིན་པ་ཙམ་དུ་མ་ཟད།  འཛམ་གླིང་སྐྱེས་འགྲོ་ཀུན་ལ་རླབས་ཆེན་གྱི་ཕན་བདེ་བསྒྲུབ་རྒྱུར་མིག་ལྟོས་མཛད་མཁན་གྱི་དབུ་ཁྲིད་ཅིག་ཡིན་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་གནད་དོན་ཅི་རིགས་ལ་ཕྱི་གསལ་ནང་གསལ་ཐོག  གསུང་དང་དགོངས་པ། མཛད་པ་ཅིའི་ཆ་ནས་ཡ་རབས་བཟང་སྤྱོད་གྱི་འཛམ་གླིང་ནང་མཚོན་རྟགས་ཤིག་ཡིན་པ་བཀོད་སྤེལ་གནང་འདུག

karmapa.JPG

དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་གསལ་བསྒྲགས།

གྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ངོ་དེབ་ཐོག་ཡིག་ཐོག་གསལ་བསྒྲགས་སྤེལ་གནང་མཛད་པའི་ནང་། བདག་ཅག་གི་༧སྐྱབས་མགོན་དོན་གྱི་བདག་པོ་ནི་༧སྐུ་ཚེ་གང་པོར་བདག་ལས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཐུགས་དམ་གྱི་གཙོ་བོར་མཛད་པས། ཐུགས་ལ་དགོངས་རྒྱུ་དང་། གཞན་ལ་གསུང་རྒྱུ་གང་ཡིན་ཀྱང་འཚེ་བ་མེད་པ། གཞན་ལ་ཕན་པ། ལྷག་བསམ་དཀར་བ། གཡོ་སྒྱུ་ངོ་ལྐོག་མེད་པ་དེ་དག་ལས་གཞན་མེད། ཞལ་མཇལ་གསུང་ཐོས་བྱུང་བ་ཙམ་གྱིས་ཀྱང་བྱམས་བརྩེའི་བདག་ཉིད་ཡིན་པའི་ངེས་པ་སྙིང་ནས་འདྲེན། རྒྱུན་དུ་ཕྱི་ནང་གི་མི་ཅི་འདྲ་ཞིག་དང་མཇལ་འཕྲད་གནང་ཡང་། དེ་ལ་འཛེམས་ཟོན་དང་། བག་ཚ་བ་ཅུང་ཟད་ཙམ་མེད་པར་ཡུན་རིང་འདྲིས་པའི་མཛའ་བཤེས་ལྟར་བཀའ་མོལ་ལྷུག་པོར་གནང་བ། བྱམས་སྐྱོང་གནང་བ། སྐབས་འགར་རྩེད་མོའི་ཚུལ་དུ་གཞན་གྱི་ཨོག་ཚོམ་ནས་འཐེན་པ། ག་ག་ཚིལ་གནང་བ། ཞལ་འགྲམ་དང་ཤངས་ཐུག་རེས་མཛད་པ་སོགས་ནི་ནམ་རྒྱུན་གྱི་མཛད་སྟངས་ཤིག་དང་། གཞན་ལ་བཅོས་མིན་གྱི་དགའ་བ་དང་བརྩེ་བ་མཚོན་པའི་གནང་སྟངས་ཤིག་ལས་མ་འདས་ཞེས་བཀོད་གནང་འདུག
རྒྱལ་དབང་ཀརྨ་རིན་པོ་ཆེ་མཆོག་གིས་མུ་མཐུད་། ༧མགོན་པོ་༧གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་སྤྱི་དང་བྱེ་བྲག་ལ་ཞི་བདེ་དང་འཆམ་མཐུན་ཡོང་བའི་དོན་དུ་བློས་གཏོང་ཅི་ཙམ་ཞིག་མཛད་ཡོད་པ་ནི་སྐྱེ་བོ་ཕལ་པའི་བློ་ངོར་ཤོངས་མི་ཐུབ་པ་ཙམ་རེད། དེ་ནི་ང་ཚོ་བོད་མི་གཅིག་པུའི་ཞེན་ཁོག་ཙམ་མིན་པར་ཤར་ནུབ་ཀྱི་སྐྱེ་བོ་ས་ཡ་མང་པོས་དགའ་བསུ་དང་། གཟེངས་རྟགས་ཅི་ཙམ་ཕུལ་བ་སོགས་ཀྱིས་མཚོན་ནུས། ད་ལྟ་དགུང་གྲངས་དགུ་བཅུར་ཕེབས་ལ་ཉེ་བ་ཡིན་ཀྱང་ད་དུང་ཐུགས་བསྐྱེད་ཞུམ་པ་མེད་པར། ཕྱག་གཡས་གཡོན་ནས་སྐྱོར་བཞིན་ཉིན་ལྟར་མཇལ་ཁ་དང་། བཀའ་ཆོས་རྒྱུན་མ་ཆད་པ་གནང་སྟེ་སེམས་ཅན་མང་པོའི་དོན་མཛད་བཞིན་བཞུགས་པ་ནི་བསམ་ཤེས་ན་འཛམ་བུ་གླིང་པ་སྤྱིའི་བསོད་ནམས་ཞིག་ཏུ་འཁུམ། ད་དུང་ཡང་བསྟན་འགྲོ་སྤྱི་བྱེའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་སོ་ཞེས་བཀོད་འདུག
གསར་འགོད་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎