དམིགས་བསལ་ཚོགས་ཆེན་བརྒྱུད་རིམ་ནས་རྒྱ་ནག་དང་འབྲེལ་བ།
2008.10.28
༄༅༎བོད་ཀྱི་གནད་དོན་ཐོག་དམིགས་བསལ་ཚོགས་ཆེན་ཚུགས་པའི་བརྒྱུད་རིམ་ནས་རྒྱ་ནག་དང་འབྲེལ་བ་བྱེད་ཕྱོགས་ཐོག་འགྱུར་བ་འགྲོ་སྲིད་པ་ཡིན་ལུགས་གསུངས་འདུག
བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ནས་ཨེ་ཨེཕ་པི་གསར་ལས་ཁང་ལ་འཆར་ཟླ་ཚེས་བཅུ་བདུན་ནས་ཚེས་ཉི་ཤུ་གཉིས་བར་ཉིན་གྲངས་དྲུག་རིང་བཙན་བྱོལ་ནང་གི་བོད་མི་མང་ཚོགས་ཀྱི་སྐུ་ཚབ་རྣམས་ཚོགས་ཆེན་བསྐོངས་ཚོགས་གནང་གི་ཡོད་པ་ལྟར་ཚོགས་འདུ་འདིའི་ཐོག་ནས་མང་གཙོའི་ལམ་ལུགས་ཀྱི་བརྒྱུད་རིམ་ནས་མ་འོངས་བོད་ཀྱི་གནད་དོན་དང་ལྷག་པར་དུ་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་བྱེད་ཕྱོགས་ཐོག་སྲིད་བྱུས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད་ཅེས་གསུངས་འདུག
འདས་པའི་རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་མཛད་སྒོའི་ཐོག་གསུངས་བཤད་གནང་བའི་ནང་ད་བར་རྒྱ་བོད་གཉིས་ཀར་ཁེ་ཕན་ལྡན་པའི་ལམ་དབུ་མའི་ཐབས་བྱུས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་གི་སྒོ་ནས་གྲོས་མོལ་གནང་ཡོད། ཡིན་ནའང་རྒྱ་ནག་གཞུང་གི་ངོས་ནས་དེར་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་བསྟེན་གྱི་མེད་པར་བརྟེན་ད་ཆ་༸གོང་ས་མཆོག་གི་ངོས་ནས་གྲོས་མོལ་གནང་ནས་འགོག་རྐྱེན་ལྟབུར་གྱུར་གྱི་མེད་དམ་དགོངས་ཀྱི་འདུག དེ་འདྲ་ཡིན་དུས་རིང་མིན་ཚོགས་ཆེན་བརྒྱུད་བོད་མི་མང་ཚོགས་ཀྱི་ཐབས་ལམ་གཞན་ཡོད་མེད་གྲོས་བསྡུར་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་དམིགས་བསལ་ཚོགས་ཆེན་ཚོགས་དགོས་པའི་ལམ་སྟོན་གནང་ཡོད་ཅེས་བཀའ་གནང་ཡོད་པ་རེད།
རིང་མིན་ཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་དེའི་ཐོག་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་རྣམས་དང་བཀའ་ཟུར་དང་སྤྱི་ཟུར།ཚོགས་པ་འདྲ་མིན་ཁག་གི་སྐ་ཚབ།རྒྱ་གར་དང་བལ་ཡུལ་འབྲུག་གསུམ་གྱི་མང་ཚོགས་ཀྱི་སྐུ་ཚབ།ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་མཐུན་ཚོགས་པ་དང་གཞན་ཡང་དོན་གཉེར་ཅན་སོགས་ས་བཅད་གཞིར་བཟུང་ཚོགས་འཅར་ཞུ་དགོས་པའི་བཀོད་ཁྱབ་གནང་ཡོད་པ་ལྟར་དེང་སང་བོད་མིའི་འདུ་སྡོད་གང་སར་བགྲོ་གླེང་བྱེད་བཞིན་ཡོད་པ་རེད།