༸གོང་ས་མཆོག་གིས་ཨ་རིའི་ནང་གི་མཛད་འཕྲིན།
2010.10.15
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཀེ་ལེ་ཕོར་ནི་ཡ་ཁུལ་དུ་མཛད་འཕྲིན་བསྐྱངས་བཞིན་པ་ལྟར་ཕྱི་ཚེས་༡༤འི་ཞོགས་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀེ་ལེ་ཕོར་ནེ་ཡ་ཁུལ་དུ་ཡོད་པའི་སི་ཀྲེན་ཕོ་དྲི་མཐོ་སློབ་དུ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞབས་སོར་འཁོད་གནང་ཏེ་མཐོ་སློབ་དེའི་དགེ་སློབ་ཚོར་བླངས་དོར་གྱི་བཀའ་སློབ་གནང་ཡོད་པ་རེད་
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་གནང་བའི་ནང་དེང་སྐབས་ཀྱི་སློབ་གསོའི་ལམ་ལུགས་དེ་ཕྱི་དངོས་པོའི་གལ་ཆེ་བའི་གཞི་རྩའི་ཐོག་འཇོག་གི་ཡོད་པ་དེས་ཀླད་པ་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོང་བ་ལས་མིའི་བསམ་བློར་ཕན་པ་ཞིག་ཡོང་གི་མེད་པ་བཀའ་སྩལ་ཡོད་ཅིང་ ༧གོང་ས་མཆོག་ནས་སྙིང་རྗེའི་སེམས་ཞིག་ཡོད་ཚེ་དེས་ནང་སེམས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད་དེས་ཞེད་སྣང་ཆུང་དུ་གཏོང་རྒྱུ་དང་དེར་བརྟེན་ང་ཚོས་ངེས་པར་དུ་སྙིང་རྗེའི་འདུ་ཤེས་ཀྱི་མིའི་གཞི་རྩར་རྩིས་ནས་ངོ་སྤྲོད་བྱ་རྒྱུ་དེ་དགོས་ངེས་ཤིག་ཡིན་པ་བཀའ་གནང་འདུག
ཡང་༧གོང་ས་མཆོག་ནས་མུ་མཐུད་བཀའ་སྩལ་བར་དྲག་པོའི་ཐབས་ལམ་བེད་སྤྱོད་བྱ་རྒྱུ་དེས་དཀའ་གནད་སེལ་རྒྱུར་ཕན་ཐོགས་གང་ཡང་མེད་ཅིང་ རང་གི་ལུས་པོར་སྟངས་འཛིན་བྱེད་ཐུབ་ཀྱང་སེམས་ལ་སྟངས་འཛིན་བྱེད་ཡས་ཁག་པོ་ཡིན་པ་དང་ མིའི་སེམས་ལ་འགྱུར་བ་གཏོང་རྒྱུར་བྱམས་སྙིང་རྗེ་དང་སློབ་གསོ་རྒྱབ་ནས་ནུས་པ་ཐོན་རྒྱུ་ལས་དྲག་པོའི་ཐབས་ལམ་གྱིས་ནུས་པ་གང་ཡང་ཐོན་རྒྱུ་མིན་པ་བཀའ་སྩལ་ཡོད་ཅིང་ ནང་སེམས་ཀྱི་ཞི་བདེ་སྐྲུན་དགོས་ཚེ་ངེས་པར་དུ་བསམ་བློར་འཕེལ་རྒྱས་གཏོང་བ་བརྒྱུད་ནས་སྐྲུན་དགོས་པ་བཀའ་སྩལ་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་དེའི་ཕྱི་དྲོ་ཡང་མཐོ་སློབ་དེའི་ནང་བཀའ་སློབ་གསུང་བཤད་ཀྱི་མཛད་འཕྲིན་མུ་མཐུད་བསྐྱངས་ཡོད་ཅིང་། ༧གོང་ས་མཆོག་སི་ཀྲེན་ཕོ་དྲི་མཐོ་སློབ་དུ་ད་རེས་ཆིབས་སྒྱུར་གནང་ཐེངས་གསུམ་པ་དེ་ཡིན་ཞིང་༡༩༩༤ལོར་༧གོང་ས་མཆོག་མཐོ་སློབ་དེར་ཐོག་མར་ཆིབས་བསྒྱུར་གནང་ཡོད་པ་དང་ དེ་རྗེས་༢༠༠༥ཐེངས་གཉིས་པ་དེ་ཆིབས་སྒྱུར་བསྐྱངས་ནས་ད་རེས་ཆིབས་སྒྱུར་སྐྱངས་ཐེངས་གསུམ་པ་དེ་ཡིན་པ་རེད་