༸གོང་ས་མཆོག་ཅེག་ནང་ཞབས་སོར་བདེ་བར་འཁོད་པ།
2011.12.11
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རའག་ཏུ་ཞབས་སོར་འཁོད་དེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་དང་མཇལ་འཕྲད་ལྷུག་པོ་གནང་འདུག ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་མཆོག་གིས་གསར་འཛུགས་གནང་བའི་Forum 2000 Foundationཞེས་པའི་དགེ་རྩ་ཚོགས་པས་༸གོང་ས་མཆོག་ལ་ཇི་ལྟར་གདན་ཞུ་གནང་བ་ལྟར་ཉིན་གསུམ་རིང་མཛད་འཕྲིན་སྐྱོང་གནང་མཛད་རྒྱུ་ཡིན་ཞིང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཀ་ལེལྦ་ཧ་ལྦེལ་མཆོག་ནི། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་ཤིན་ཏུ་མཚན་སྙན་ཅན་ཞིག་ཡིན་ཞིང་། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་གསར་བརྗེ་བྱུང་སྟེ་མང་གཙོའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་གསར་དུ་དབུ་བརྙེས་རྗེས་ལྦཀ་ལེལྦ་ཧ་ལྦལ་མཆོག་སྲིད་འཛིན་དང་པོར་མང་མོས་འོས་འདེམས་བྱུང་བ་ཡིན་པ་རེད། ཁོང་གིས་གཞུང་གི་འཛིན་སྐྱོང་འགན་ཁུར་བཞེས་མ་ཐག་ཕྱི་ལོ་༡༩༩༠་ལོར་༧གོང་ས་མཆོག་ལ་གཞུང་འབྲེལ་སྐུ་མགྲོན་དང་པོར་གདན་ཞུ་གནང་སྟེ་དབུ་ཁྲིད་རྣམ་གཉིས་ཕན་ཚུན་བརྩི་བཀུར་ཆེ་ཞིང་མཛའ་བརྩེའི་གྲོགས་པོ་ཡིན་པ་རེད། ད་རེས་༧གོང་ས་མཆོག་དང་ལྦཀ་ལེལྦ་ཧ་ལྦལ་རྣམ་གཉིས་དུས་ཡུན་ཆུ་ཚོད་གཅིག་ཙམ་བཀའ་བསྡུར་གནང་འདུག དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་རྗེས་༸གོང་ས་མཆོག་གིས་སྐུ་ཞབས་ལྦཀ་ལེལྦ་ཧ་ལྦལ་མཆོག་ད་དུང་ལོ་ངོ་བཅུ་ཙམ་སྐུ་ཚེ་བརྟན་དགོས་འདུག་ཅེས་གསུངས་ཡོད་ལུགས་གསར་འགོད་པར་བཀའ་གནང་འདུག།