༸གོང་ས་མཆོག་འཇར་མ་ནི་ནང་ཞབས་སོར་འཁོད་གནང་བ།
2009.07.30
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་ལེན་གྱི་རྒྱལ་ས་ལྦར་སོ་ནས་ཆིབས་བསྒྱུར་བསྐྱངས་གནང་མཛད་ཏེ་འཇར་མ་ནིའི་གྲོང་ཁྱེར་ཕེ་རེང་ཕ་ཊེ་ལ་ཞབས་སོར་འཁོད་ཡོད་པ་རེད་འདུག
དེའང་འཇར་མ་ནིའི་ནང་རྟེན་གཞི་བྱས་པའི་ཚོགས་པ་གསུམ་མཉམ་རུབ་ཐོག་གདན་འདྲེན་ཞུས་པ་བཞིན་ད་རེས་རེས་གཟའ་ལྷག་པའི་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་ལེན་གྱི་རྒྱལ་ས་ལྦར་སོ་ནས་ཞལ་བསྒྱུར་གནང་སྟེ་འཇར་མ་ནིའི་གྲོང་ཁྱེར་ཕེ་རེང་ཕ་ཊེ་དུ་ཞབས་སོར་འཁོད་ཡོད་ཅིང་༸གོང་ས་མཆོག་གྲོང་ཁྱེར་དེའི་བཞུགས་གནས་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས་སྐབས་ས་གནས་དེའི་བློན་ཆེན་རོའོ་ལེན་ཌེ་ཀོཆི་ནས་སྣེ་འཁྲིད་གནང་བའི་དཔོན་རིགས་ཁག་ཅིག་གིས་ཕེབས་བསུ་ཟབ་རྒྱས་ཤིག་ཞུས་གནང་ཡོད་པ་མ་ཟད་ད་དུང་དེ་མིན་ས་གནས་བོད་མི་དང་དད་ལྡན་མང་ཚོགས་ཚོས་ཀྱང་སྲོལ་རྒྱུན་གྱི་རྣམ་པའི་ཐོག་ནས་ཕེབས་བསུ་ཟབ་རྒྱས་ཤིག་ཞུས་གནང་འདུག
༸གོང་ས་མཆོག་མགྲོན་ཁང་དུ་ཞབས་སོར་འཁོད་མ་ཐག་ས་གནས་བློན་ཆེན་རོ་ལེན་ཌེ་ཀོཆི་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་འཚོགས་གནང་ཡོ་དཔ་དང་གསར་འགོད་ལྷན་ཚོགས་དེའི་ཐོག་གསར་འགོད་པ་བརྒྱ་དང་གསུམ་བཅུ་ལྷག་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་དང་གསར་འགོད་ལྷན་ཚོགས་དེའི་ཐོག་༸གོང་ས་མཆོག་ལ་གསར་འགོད་པས་བོད་རྒྱ་འབྲེལ་བའི་སྐོར་བཀའ་འདྲི་ཞུ་སྐབས་༸གོང་ས་མཆོག་ནས་བོད་རྒྱ་འབྲེལ་མོལ་སྐོར་བཤད་དགོས་ན་ཉུང་མཐར་ཡང་དུས་ཚོད་གང་འཚམ་ཞིག་དགོས་པ་དང་དེ་རིང་དེའི་ཐོག་འགྲེལ་བརྗོད་བྱེད་རྒྱུ་མིན་པར་གསུངས་འདུག་ལ་ཡང་འཇར་མ་ནིའི་བྱིས་པའི་བརྙན་འཕྲིན་ལེ་ཚན་གྱི་རང་ལོ་བཅུ་གཉིས་ལ་སོན་པའི་གསར་འགོད་པ་བུ་མོ་ཞིག་གིས་༸གོང་ས་མཆོག་དུས་རྒྱུན་དུ་ནས་ཐུགས་བྲེལ་ཆེ་ནའང་ཐུགས་འཁོམ་པའི་སྐབས་སུ་ག་རེ་གནང་གི་ཡོད་དམ་ཞེས་ཞུས་པར་༸གོང་ས་མཆོག་ནས་ངས་དུས་ཚོད་ཁོམ་པ་ཡོད་དུས་སྒོམ་རྒྱག་གི་ཡོད་དེ་ནི་ཕྱེད་ཀ་སྒོམ་དང་ཕྱེད་ཀ་གཉིད་ཉལ་ཡོད་པ་འདྲ་པོ་རེད་ཅེས་གསུངས་ཡོད་པ་དང་ཡང་བུ་མོ་ཆུང་ཆུང་དེས་སྐུ་ཉིད་རྒྱ་གར་དུ་བཞུགས་ཡོད་པས་ཕ་ཡུལ་དྲན་གྱི་འདུག་གམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ནས་འདས་པའི་ལོ་ངོ་ལྔ་བཅུའི་རིང་ང་ཚོ་བོད་མི་བཙན་བྱོལ་བ་ཚོ་རང་ཡུལ་མེད་པའི་འཁྱམ་པོ་བ་ལྟ་བུ་ཞིག་རེད། ཡིན་ནའང་རྒྱ་གར་གཞུང་གིས་ང་ཚོ་ཕ་ཡུལ་ཤོར་བའི་བོད་མི་ཚོར་གནས་ཚང་གཡར་ཏེ་ང་ཚོ་བོད་མི་བཙན་བྱོལ་བ་ཚོར་ཐུགས་འཁུར་ཆེ་བཞེས་གནང་ཡོད་པས་བཀའ་དྲིན་རྗེས་དྲན་གྱི་ད་ལོ་ང་ཚོ་བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་ལོ་ཞེས་པ་ཞིག་སྲུང་བརྩི་ཞུས་པ་ཡིན་ཞེས་སོགས་བཀའ་ལན་གནང་འདུག གཞན་ཡང་སྤྱི་ཚེས་སུམ་ཅུ་སོ་གཅིག་ཉིན་༸གོང་ས་མཆོག་ནས་ཕེ་རེང་ཕ་ཊེ་གྲོང་ཁྱེར་ནང་ཡོད་པའི་རྩེད་ཐང་ཆེན་པོ་ཞིག་གི་ནང་དུ་མི་དམངས་ལ་འོད་དཔག་མེད་ཀྱི་རྗེས་སྣང་ལ་སོགས་པའི་གསུང་ཆོས་བཀའ་འདྲི་བསྩལ་གནང་རྒྱུ་ཡིན་པ་རེད་འདུག།