༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།
2008.12.01
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ཉིས་སྟོང་དགུ་ལོའི་ནང་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཙན་བྱོལ་བོད་མི་མང་སྤྱི་འཐུས་མཁས་གྲུབ་དོན་གྲུབ་ལགས་ཀྱིས་གཟའ་ཟླ་བའི་ཉིན་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་བཞག
༸གོང་ས་མཆོག་གི་སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་སྲས་བོད་མི་མང་སྤྱི་འཐུས་མཁས་གྲུབ་དོན་གྲུབ་ལགས་ཀྱིས་གསུང་ན་ཐའེ་ལྦན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་མང་པོ་ཞིག་ཡོད་པ་དང་ཁོང་རྣམ་པས་༸གོང་ས་མཆོག་མཇལ་འདོད་ཆེན་པོ་གནང་གི་ཡོད་པར་བརྟེན་༸གོང་ས་མཆོག་ནས་གྲོགས་པོ་ཚོ་མཇལ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང་ཁོང་རང་སྒེར་གྱི་དགོངས་པར་༸གོང་ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་རྒྱུར་རྒྱ་ནག་གཞུང་ཕུད་པའི་དེ་མིན་གྱི་འབྲེལ་ཡོད་ཚང་མས་དགག་བྱ་གང་ཡང་མེད་པའི་རེ་བ་གནང་གི་ཡོད་ཅིང་ཐའེ་ལྦན་གཞུང་གིས་༸གོང་ས་མཆོག་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་རྒྱུར་ཐོངས་མཆན་འབུལ་རྒྱུའི་ཐོག་རྒྱ་ནག་དང་ཐའེ་ལྦན་དབར་གྱི་འབྲེལ་ལམ་དེང་སྐབས་སྲིད་འཛིན་མའ་དབྱིང་ཇའུ་ཡིས་དབུ་ཁྲིད་འོག་ཡར་རྒྱས་འགྲོ་བཞིན་པ་དེར་ངོས་ལེན་བྱེད་དགོས་ཤིག་ཆགས་རྒྱུ་ཡིན་པ་གསུང་བཞག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༡༩༩༧ལོ་དང་ཕྱི་ལོ་༢༠༠༢ལོ་སོ་སོར་ཐའེ་ལྦན་ནང་ཆིབས་བསྒྱུར་བསྐྱངས་ནས་ཆོས་ལུགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་དང་ཡིན་ནའང་དེང་སྐབས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དཔོན་རིགས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུར་ཡང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡིན་པ་མ་ཟད་ཐའེ་ལྦན་གྱི་གནད་དོན་དེ་རྒྱ་ནག་ལ་ག་དུས་ཡིན་ནའི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པར་བརྟེན་༸གོང་ས་མཆོག་ཐའེ་ལྦན་དུ་ཆིབས་བསྒྱུར་བསྐྱངས་རྒྱུར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་འབྲེལ་ཐའེ་ལྦན་ཐོག་རྒྱུན་དུ་ནས་གནོན་ཤུགས་སྤྲོད་མུས་ཡིན་པ་རེད།