༸གོང་ས་མཆོག་ནས་འབྲིང་རིམ་སློབ་ཕྲུག་ཚོར་བཀའ་སློབ།
2010.06.25
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ནང་ཆོས་ཕྱོགས་གཙོ་བོ་གནང་བའི་མཛད་རིམ་བཀྲིན་སྐྱོང་བཞིན་ཡིན་ཞིང་ ཕྱི་ཚེས་༢༥ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མ་ནང་དུ་ཡོད་པའི་སེ་ཀྲ་གེ་ག་ཀུ་ཨེན་སློབ་གྲྭའི་ནང་དུ་ཉི་ཧོང་གི་འབྲིང་རིམ་སློབ་གྲྭ་༡༧གྱི་སློབ་ཕྲུག་དགེ་རྒན་ལས་བྱེད་༢༠༠༠་ལྷག་ཙམ་ལ་སྣང་བ་ནས་དངོས་བྱུང་ཞེས་པའི་བརྗོད་གཞིའི་ཐོགགསུང་བཤད་གནང་འདུག་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་༢༡བཟང་ངན་གང་འདྲ་ཡོང་མིན་དེ་ན་གཞོན་རྣམས་ལ་རག་ལུད་ཀྱི་ཡོད་པ་དང་ སྤྱིར་སྟངས་འཛམ་གླིང་ནང་འགྲོ་བ་མིའི་རང་བཞིན་དེ་དྲག་སྤྱོད་ཀྱི་བྱ་བ་སྤེལ་རྒྱུར་དགའ་བ་ཡོད་པའི་བསམ་ཚུལ་འཛིན་པ་དེ་ནོར་འཁྲུལ་ཡིན་པ་དང་ དུས་རབས་༢༠ནང་མི་རྣམས་ཀྱིས་སྡུག་བསྔལ་ཚབས་ཆེ་མྱོང་བའི་རྐྱེན་གྱིས་ད་ལྟ་དུས་རབས་༢༡ནང་གི་མི་རྣམས་ཀྱི་བསམ་བློའི་ཚད་གཞི་ནར་སོན་བྱུང་ནས་དམག་འཁྲུགས་དང་དྲག་སྤྱོད་མ་དགའ་མཁན་བྱུང་ཡོད་པའི་སྐོར་ ༧གོང་ས་མཆོག་གིས་ཉི་ཧོང་གི་སློབ་ཕྲག་རྣམས་ལ་བཀའ་གནང་འདུག།
༧གོང་ས་མཆོག་གིས་སློབ་ཕྲུག་རྣམས་ཀྱིས་སོ་སོའི་ཤེས་ཡོན་ཐོག་བཙོན་འགྲུས་གནང་སྟེ་ ཉི་ཧོང་ཙམ་དུ་མིན་པའི་འཛམ་གླིང་གི་ཞི་བདེའི་ཆེད་དུ་ལེགས་སྐྱེས་འབུལ་ཐུབ་མཁན་ཞིག་ཏུ་འཚར་ལོང་གནང་དགོས་པའི་སྐོར་བཀའ་གནང་འདུག། སློབ་ཕྲུག་དང་དགེ་རྒན་ལས་བྱེད་ཚང་མའི་སྐུ་ཚབ་གནང་ནས་སེ་ཀྲ་གེ་ག་ཀུ་ཨེན་སློབ་གྲའི་སློབ་སྤྱི་ཧ་ཡ་ཤི་གྱིས་༧གོང་ས་མཆོག་གིས་རིང་ཐང་ཅན་གྱི་བཀའ་སློབ་གནང་བ་ཐུགས་རྗེ་ཆེ་ཞུས་གནང་འདུག་།