༸གོང་ས་མཆོག་གི་སྐུ་ཚེའི་རིང་གི་དམ་བཅའ།
2010.09.23
༄༅༎༧གོང་ས་མཆོག་སྐུ་ངོས་ཀྱི་སྐུ་ཚེའི་ནང་། གནད་དོན་གསུམ་གྱི་ཐོག་ལས་དོན་སྤེལ་གནང་རྒྱུའི་དམ་གཅའ་འཛིན་གནང་གི་ཡོད་པ་ནི་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་ཡོང་ཐབས། དེ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བཅས་གསུམ་གྱི་ཐོག་འབད་བརྩོན་གནང་གི་ཡོད་ཅེས་གསུངས་གནང་ཡོད་པ་རེད།
མང་ཚོགས་ལ་གསུངས་བཤད་མ་གནང་བའི་གོང་གྲོང་ཁྱེར་དེའི་སྤྱི་ཁྱབ་ར་ཕལ་མཆོག་གིས་ངོ་སྤྲོད་གསུངས་བཤད་གནང་བའི་ནང་། ༧གོང་ས་ཏཱ་ལའི་བླ་མམཆོག་ནི་བྱམས་བརྩེ་དང་། རང་དབང་ཁྱབ་སྤེལ་གནང་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས་ད་རེས་གྲོང་ཁྱེར་འདིའི་ནང་ཞབས་སོར་འཁོད་གནང་བར་མི་མང་ཚང་མས་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་ཡོད་པས་མ་ཟད་མང་ཚོགས་ནས་ཀྱང་དགའ་བསུའི་རྣམ་པ་ཤུགས་ཆེ་བསྟན་ཡོད་འདུག ཡང་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་བའི་སྐབས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཆེད་བཅར་གྱིས་མཇལ་འཕྲད་ཞུས་འདུག་པ་དང་། ཁོང་རྣམས་ལ་༧གོང་ས་མཆོག་གིས། རྒྱ་ནག་མཉམ་འབྲེལ་བ་གནང་བའི་སྐབས་དཔལ་འབྱོར་གྱི་གནད་དོན་གཅིག་པུ་མ་ཡིན་པར་མང་གཙོ་དང་། རང་དབང་། ཁྲིམས་ཀྱི་འགྲོ་སྟངས་བཅས་ལ་བརྩི་བཀུར་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད་དེས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་ཡིད་ཆེས་སླེབས་ཐུབ་པ་ཞིག་ཀྱང་ཡོང་རྒྱུ་ཡིན་པའི་གླེང་སློང་ཡང་གནང་དགོས་ལུགས་བཀའ་གནང་ཡོད་པ་རེད།