ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོཊ་ཆུང་གི་འབྲེལ་ཡོད་ཚན་པས་བོད་ཀྱི་གནད་དོན་ཐོག་ལ་རྒྱ་ནག་ལ་རྒྱུན་སྲིང་ནས་གནོན་ཤུགས་སྤྲོད་མུས་ཡིན་པ་གསུངས་འདུག
ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་ཚོགས་ཆུང་གི་ཚོགས་གཙོ་མའོ་ནིར་ས་ཏའོ་རི་ (Mounir Satouri) ལགས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་རེད།
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་དིང་རི་རྫོང་ཁོངས་སུ་ས་ཡོམ་གྱི་གོད་ཆག་ཚབས་ཆེན་བྱུང་སྟེ་མི་ཤི་རྐྱེན་ཆག་བྱུང་པར་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཁྱབ་ཁོངས་ནས་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་ཚོགས་ཆུང་རིམ་པའི་ཚོགས་གཙོ་མའོ་ནིར་ས་ཏའོ་རི་ (Mounir Satouri) ལགས་ཀྱི་མཚན་ཐོག་ནས་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་སྦེལ་ཇིཡམ་བོད་ཀྱི་སྐུ་ཚབ་དོན་གཅོད་མཚན་འཁོད་ཕྱག་བྲིས་ཤིག་གནང་པའི་ནང་། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་ལ་དོ་ནན་གྱི་རྟོག་ཞིབ་དང་ནན་སྐུལ་ཞུ་མུས་ཡིན་སྐོར་འཁོད་འདུག
ཕྱག་བྲིས་དེའི་ནང་ཚོགས་གཙོ་མའོ་ནིར་ས་ཏའོ་རི་ (Mounir Satouri) ལགས་ཀྱིས། ཡོ་རོབ་མཐུན་ཚོགས་ངོས་ནས་བོད་ཀྱི་གནད་དོན་ཐོག་ལ་རྒྱུན་སྲིང་ནས་རྒྱ་ནག་ལ་འབོད་སྐུལ་དང་གནོན་ཤུགས་སྤྲོད་ཀྱི་ཡོད་པ་འཁོད་འདུག་ལ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ནང་གྲོས་ཆོད་ཅིག་གཏན་འབེབས་གནང་པའི་ནང་། བོད་ནང་དུ་རྒྱ་ནག་གིས་གཉེར་བའི་གཏན་འཇགས་སློབ་གྲྭ་བརྒྱུད་མི་རིགས་བསྲེས་ལྷད་ཀྱི་སིམ་སྒྱུར་གྱི་ལས་དོན་སྤེལ་བཞིན་པའི་ཐད་སེམས་འཚབ་ཀྱི་རྣམ་འགྱུར་བསྟན་ཡོད་པ་དང་། རྒྱ་ནག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་གཏོང་རྒྱུར་ལས་དོན་གནས་ལ་འཁེལ་བ་ཞིག་བརྩམ་དགོས་པའི་སྐོར་རྒྱ་ནག་གི་དཔོན་རིགས་ལ་ཡང་ཡང་འབོད་སྐུལ་ཞུ་བཞིན་ཡོད་པ་ལུང་འདྲེན་གནང་འདུག་པ་མ་ཟད། ཡོ་རོབ་གྲོས་ཚོགས་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ལྟ་རྟོག་ནན་པོ་བྱེད་རྒྱུའི་ཆོད་སེམས་འཛིན་བཞིན་ཡོད་ཅེས་དང་། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་གནང་སྐབས་བོད་ཀྱི་གནས་སྟངས་ཐད་གླེང་སློང་ནན་པོ་གནང་ཡོད་ཅེས་གསུངས་འདུག
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ། ཚེ་དབང་ནོར་བུ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།