བོད་ཕྲུག་རྣམས་ནས་ཤེས་ཡོན་ལ་འབད་བརྩོན་གྱིས་མ་འོངས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུའི་སེམས་འཁུར་དགོས་ཞེས། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས་སྦེ་ལ་ཀོ་པི་སམ་བྷོ་ཌའི་སློབ་གྲྭ་དབུས་མའི་སློབ་ཕྲུག་རྣམས་ལ་ལམ་སྟོན་གནང་བ།

2024.07.25
བོད་ཕྲུག་རྣམས་ནས་ཤེས་ཡོན་ལ་འབད་བརྩོན་གྱིས་མ་འོངས་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་རྒྱུའི་སེམས་འཁུར་དགོས་ཞེས། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ནས་སྦེ་ལ་ཀོ་པི་སམ་བྷོ་ཌའི་སློབ་གྲྭ་དབུས་མའི་སློབ་ཕྲུག་རྣམས་ལ་ལམ་སྟོན་གནང་བ། བཀའ་བློན་ཐར་ལམ་སྒྲོལ་མ་ལགས་སྦེ་ལ་ཀོ་པི་སམ་བྷོ་ཌའི་སློབ་གྲྭར་འཚམས་གཟིགས་སྐབས།
RFA/ Pema Ngodup

ཕྱི་ལོ ༢༠༢༤ ཟླ་བ་ ༧ པའི་ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་དང་། སམ་བྷོ་ཌའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། དེ་བཞིན་ཤེས་རིག་དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས་གཙོས་པའི་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་ས་གནས་འགོ་འཛིན་རྣམ་པ་བཅས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སམ་བྷོ་ཌའི་སློབ་གྲྭ་དབུས་མའི་ནང་འཚམས་གཟིགས་དང་སྦྲགས། སློབ་གྲྭའི་ཞོགས་ཚོགས་སྐབས་ཤེས་རིག་བཀའ་བློན་མཆོག་ནས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་གནང་བ་གཞིར་བཟུང་། བོད་ཕྲུག་ཚོས་ཤེས་ཡོན་སློབ་སྦྱོང་ལ་འབད་བརྩོན་གྱིས། མ་འོངས་པར་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབ་རྒྱུའི་སེམས་འཁུར་དགོས་སྐོར་གསུང་གནང་སོང་།

ཡང་བཀའ་བློན་མཆོག་ནས་འདས་པས་མི་ལོ་ ༣༧ རིང་བོད་མིའི་ཤེས་ཡོན་ཐོག་སྐུ་ལས་བསྐྱོན་པའི་གནས་སྟངས་སྤྱི་དང་། ལྷག་པར་སློབ་གྲྭ་འདིའི་ནང་ཞབས་ཞུ་སྒྲུབ་སྐབས་མྱོང་ཚོར་ཕྱིར་དྲན་གནང་ཞིང་། གཙོ་བོ་སློབ་ཕྲུག་ཚོས་རིན་གོང་ཆེ་བའི་གྱོན་ཆས་ལ་དྭང་དོད་སྤངས་ཏེ་ཤེས་ཡོན་སློབ་སྦྱོང་ལ་ཧུར་བརྩོན་གྱིས་རང་གི་ནུས་པ་ལ་དཔག་པའི་ཕུགས་དམིགས་འཛིན་ཏེ་ཤེས་ཡོན་གྱི་ལམ་བུའི་ཐོག་མདུན་བསྐྱོད་བྱ་དགོས་པ་ལས། རང་གི་སློབ་གྲོགས་ཚོའི་རྗེས་འབྲང་བྱ་རྒྱུ་མེད་པའི་ལམ་སྟོན་གནང་སོང་། གཞན་ཡང་བཀའ་བློན་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་གཞིས་ཆགས་ནང་དགོན་གྲོང་གཉིས་དང་སློབ་གྲྭའི་གནས་སྟངས་རྒྱ་གར་ཡུལ་མི་ལས་ལྷག་པའི་མཐུན་རྐྱེན་བཟང་པོ་དང་། བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་ཡོད་ན་ཡང་བོད་མིའི་བཟང་སྤྱོད་ཉམས་དམས་སུ་འགྲོ་བཞིན་ཡོད་པ་གསུངས་གནང་སོང་།

སྐབས་དེར་འདུ་འཛོམས་ཀྱི་ཐོག་སམ་བྷོ་ཌའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་གསུང་དོན་ལ། བོད་ཕྲུག་ཚོར་གཞུང་ནས་མཐུན་རྐྱེན་སྦྱར་བ་ཤེས་ཚོར་གྱི་ཐོག་ནས་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་སྦྱོང་ཐོག་འབད་བརྩོན་གནང་རྒྱུ་དང་། བོད་མིའི་ཡ་རབས་བཟང་སྤྱོད་མི་ཉམས་རྒྱུད་འཛིན་གྱིས་བོད་མིའི་ལ་རྒྱ་བརྟན་བཟུང་དགོས་པའི་སྐུལ་མ་གནང་སོང་།

གཞི་རྩའི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོན་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ པའི་ཚེས་ ༡༠ ཉིན་ཤེས་རིག་བཀའ་བློན་གྱི་ལས་འཁུར་དམ་འབུལ་བཞེས་པའི་རྗེས་སུ། ད་ལན་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཚམས་གཟིགས་ཕེབས་པ་ནི་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཁོང་ནས་ཐོག་མར་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ནས་དབུ་བཙུགས་ཀྱིས། སྦེང་ལོར་དང་ཀོ་ལེ་གྷལ་དེ་བཞིན་མེའི་སོར་དང་ཧོན་སུར་བཅས་ཀྱི་ནང་འཚམས་གཟིགས་ཕེབས་པའི་རྗེས། འདི་ཚེས་ ༢༤ ཉིན་གྱི་ཕྱི་དྲོར་སྦེ་ལ་ཀོ་པིར་ཕེབས་འབྱོར་བྱུང་ཞིང་འདི་ཚེས་ ༣༡ བར་ཁོང་ནས་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་སློབ་གྲྭ་ཁག་ཏུ་འཚམས་གཟིགས་གནང་འཆར་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎