ཐའེ་ཝན་མང་གཙོ་ཐེབས་རྩས་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ཨ་སྒོར་ཁྲི་ ༣ བོད་མིའི་སྒྲིག་འཛུགས་ལ་ཞལ་འདེབས་གནང་འདུག

2023.10.31
ཐའེ་ཝན་མང་གཙོ་ཐེབས་རྩས་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ཨ་སྒོར་ཁྲི་ ༣ བོད་མིའི་སྒྲིག་འཛུགས་ལ་ཞལ་འདེབས་གནང་འདུག ཐའེ་ཝན་མང་གཙོ་ཐེབས་རྩའི་སྐུ་ཚབ་ཚོགས་ཆུང་གྲོས་ཚོགས་སུ་ཕེབས་སྐབས། ༢༠༢༣།༡༠།༣༠ ཉིན།
TPiE

འདི་ཚེས་ ༣༠ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་དོན་ལ་རོགས་དངུལ་གྱི་ཐོག་ནས་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཐའེ་ཝན་ནང་རྟེན་གཞི་བྱས་པའི་ཐའེ་ཝན་མང་གཙོ་ཐེབས་རྩའི་འགན་འཛིན་སྐུ་ཞབས་Huang Yu-Linལགས་གཙོས་པའི་གཞན་ལས་བྱེད་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྐྱངས་ཡོད་ཅིང་། ༸གོང་ས་མཆོག་གིས་གཙོ་བོ་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སྩལ་བ་དང་འབྲེལ། སྐུ་ཚབ་ཚོགས་ཆུང་ནས་ཐའེ་ཝན་མང་གཙོ་ཐེབས་རྩའི་མ་འོངས་ལས་དོན་ལམ་ལྷོང་ཡོང་ཆེད་མགོན་པོ་གང་ཉིད་མཆོག་ལ་ཐུགས་སྨོན་སྐྱབས་འཇུག་ཞུས་ཡོད་ཅེས། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། 

ཐའེ་ཝན་མང་གཙོ་ཐེབས་རྩ་ནི་ཕྱི་ལོ་ ༢༠༠༣ ལོར་ཐའེ་ཝན་ཕྱི་སྲིད་ལས་ཁུངས་དང་། ཐའེ་ཝན་ནང་ཆབ་སྲིད་ཚོགས་པ་ཚང་མས་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་ནས་གསར་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། ཐེབས་རྩ་ཁང་དེས་ཐའེ་ཝན་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་གོ་རྟོགས་སྤེལ་རྒྱུ་དང་། གཙོ་བོ་ཐའེ་ཝན་རྒྱལ་ཁབ་དེ་ཉིད་མང་གཙོ་ཚད་ལྡན་གྱི་ལམ་བུར་ཁྲིད་རྒྱུ་དེ་ཡིན་འདུག

In the story.jpg

ཐའེ་ཝན་ཐེབས་རྩ་ཁང་ནས་ཡུན་རིང་བོད་མིའི་སྒྲིག་འཛུགས་གཙོས་པའི་ཐའེ་ཝན་སྐུ་ཚབ་དོན་གཅོད། གཞུང་ཁུངས་མིན་པའི་ཚོགས་སྡེ་ཁག་དང་། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཆེད་རོགས་དངུལ་གནང་བཞིན་ཡོད་འདུག་ལ། འདི་ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་སྐབས། སྟོང་མིན་ཙམ་གྱིས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་སུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ཨ་སྒོར་ཁྲི་གཅིག་དང་། ཤེས་རིག་ལས་ཁུངས་སུ་བོད་ཀྱི་ཤེས་ཡོན་སློབ་གསོ་ཡར་རྒྱས་གཏོང་ཆེད་ཨ་སྒོར་ཁྲི་གཅིག  དེ་བཞིན་བོད་ཀྱི་འགྲེམས་སྟོན་ཁང་ལ་ཨ་སྒོར་ཁྲི་གཅིག་བཅས་ཁྱོན་ཨ་སྒོར་ཁྲི་གསུམ་གནང་ཡོད་པའི་སྐོར་སྐུ་ཚབ་ཚོགས་ཆུང་དང་ལྷན་བཅར་ཞུ་མཁན་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། 

ཐེངས་འདིའི་ཐའེ་ཝན་མང་གཙོ་ཐེབས་རྩའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་ཕྱི་ཚེས་ ༢༩ ཉིན་འབྱོར་ཡོད་ཅིང་། ཕྱི་ཚེས་ ༣༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། ཉིན་རྒྱབ་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་རྒྱུན་ལས་རྣམ་པ་དང་མཇལ་འཕྲད་གནང་འདུག ། སྐབས་དེར་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཐའེ་ཝན་དང་། བོད། ཤར་ཏུ་ཀིས་ཏན། དེ་བཞིན་ནང་སོག་བཅས་ཐུན་མོང་གིས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་དྲང་བདེན་མིན་པའི་བྱ་སྤྱོད་དག་ཁྱབ་སྤེལ་བྱ་རྒྱུ་གལ་ཆེ་ཡིན་པ་དང་། བོད་མི་མང་སྤྱི་འཐུས་རྣམས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་ཐའེ་ཝན་གཞུང་ཚབ་ཁག་ཏུ་སྣེ་ལེན་ཞུས་པར་ལེགས་སོ་གནང་འདུག་ཅིང། སྐབས་དེར་སྐུ་ཞབས་Huang Yu-Linལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་གྲོས་ཚོགས་ནང་ཆོལ་ཁ་གསུམ་གྱི་འཐུས་ཡོད་པའི་རླབས་ཆེན་གྱི་ཐུགས་རྒྱང་རིང་པོའི་དགོངས་གཞི་ལ་བསྔགས་བརྗོད་གནང་འདུག

ཡང་འདི་ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་དང་མཇལ་འཕྲད་ཀྱིས། རིམ་པས་བཞུགས་སྒར་ཁུལ་གྱི་བོད་ཕྲུག་ཁྱིམ་སྡེ་དང་། ནོར་བུ་གླིང་ཁ། གཞུང་ཁུངས་མིན་པའི་ཚོགས་པ་ཁག དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎