རྒྱ་ནག་གཞུང་དང་༧གོང་ས་མཆོག་དབར་གྲོས་མོལ་དགོས་པའི་སྐུལ་མ་གནང་བ།


2019.05.25
ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad མཆོག ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad མཆོག
weibo

ཉེ་ཆར་བོད་དུ་འཚམས་གཟིགས་གནང་མཁན་རྒྱ་ནག་ཏུ་བཅའ་ཞུགས་ཨ་མི་རི་ཀའི་གཞུང་ཚབ་པ་སྐུ་ཞབས་ Terry Branstad མཆོག་གིས་རྒྱ་ནག་གཞུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་མི་མཐུན་པའི་གནད་དོན་ཁག་སེལ་ཆེད་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་ནས་བརྗོད་ཡོད་པ་རེད། ད་དུང་མགྲིན་ཚབ་པ་དེས་ཨ་རིའི་གཞུང་ཚབ་པ་མཆོག་གིས་ཨ་མི་རི་ཀའི་གཞུང་ལ་རྒྱུན་རིང་ཐུགས་འཚབ་ཡོད་པ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོར་བོད་རང་སྐྱོང་ལྗོངས་སུ་འགྲོ་རྒྱུར་དམ་དྲག་ཡོད་པའི་གནད་དོན་ཐད་བཀའ་བསྡུར་གནང་འདུག་པར་མ་ཟད། རྒྱ་ནག་གཞུང་གིས་བོད་མིའི་ནང་ཆོས་ཀྱི་སྒྲིག་འཛུགས་དང་ནང་ཆོས་ཉམས་ལེན་ཐོག་ཐེ་བྱུས་བྱེད་བཞིན་པར་ཡང་ཐུགས་འཚབ་ཡོད་པ་གསུངས་འདུག ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ Terry Branstad ཕྱི་ཟླ་ ༥ ཚེས་ ༡༩ ནས་ ༢༥ བར་བོད་དུ་མཚམས་གཟིགས་གནང་ཞིང་། པེ་ཅིང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། འཚམས་གཟིགས་འདིའི་མགྲོན་བདག་བོད་རང་སྐྱོང་སྲིད་གཞུང་ཡིན་ན་ཡང་། ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་བཞུགས་རིང་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་ལྟེ་གནས་གལ་ཆེ་ཕོ་བྲང་པོ་ཏཱ་ལ་དང་། ནོར་བུ་གླིང་ཁ། ལྷ་ས་གཙུག་ལག་ཁང་དང་། སེ་རྭ་སོགས་སུ་གཟིགས་སྐོར་གནང་འདུག་ལ། ཆོས་ལུགས་དང་རིག་གཞུང་དང་འབྲེལ་བའི་གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་གནང་ཡོད་པ་བརྗོད་འདུག རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་འཚམས་གཟིགས་སུ་ཕེབས་པ་འདི་ནི་སྔ་ལོ་ཕྱི་ཟླ་ ༡༡ ནང་ཨ་རིའི་གཞུང་གིས་བོད་དུ་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཁྲིམས་ཡིག་གཏན་འབེབས་གནང་བའི་རྗེས་བོད་དུ་ཕེབས་མཁན་གྱི་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་རེད། ཨ་རིའི་ཁྲིམས་ཡིག་དེའི་ནང་རྒྱ་ནག་གི་དཔོན་རིགས་དང་མི་སེར། གསར་འགོད་པ་དང་། ཤེས་ཡོན་ཅན་སོགས་ཨ་རིའི་ནང་ཡོང་རྒྱུར་བཀག་འགོག་མེད་པར་མ་ཟད། ཨ་རིའི་ནང་ཡོང་རྗེས་ཨ་རིའི་ས་གནས་གང་དུ་ཕྱིན་ཀྱང་ཆོག་མཆན་དམིགས་བསལ་མི་དགོས་པ་ལྟར། ཨ་མི་རི་ཀའི་གཞུང་གི་དཔོན་རིགས་དང་། གསར་འགོད་པ། ཨ་རིའི་མི་སེར་དང་། ལྷག་པར་དུ་བོད་རིགས་ཨ་རིའི་མི་སེར་བོད་དུ་བཀག་འགོག་མེད་པའི་ཐོག་ནས་འགྲོ་ཆོག་པའི་འདྲ་མཉམ་གྱི་ཐོབ་ཐང་དགོས་པ་འཁོད་ཡོད་པ་རེད། གལ་ཏེ་རྒྱ་ནག་གཞུང་ཕྱོགས་ནས་འདི་ལྟར་ལག་བསྟར་མ་བྱས་ཚེ་དོ་དམ་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཐོག་འགྲིམ་འགྲུལ་བཀག་སྡོམ་ལ་སོགས་པའི་ཉེས་ཆད་འགེལ་དགོས་པ་སོགས་ཨ་རིའི་ཁྲིམས་ཡིག་དེའི་ནང་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎