སྦག་སྦག་སྐོར་སྐྱོད་བརྒྱུད་འཛམ་གླིང་ནང་གི་མོ་ཊའི་འཁོར་ལམ་གྱི་ས་ཚིགས་མཐོ་ཤོས་ཨུམ་གླིང་ལར་བསྐྱོད་པ་དེ་ནི། བོད་པའི་བུད་མེད་ལོ་ན་ཆུང་ཤོས་དང་ཐོག་མ་དེ་ཆགས་ཡོད་ཅེས། བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས་གསུངས་ཀྱི་འདུག
བོད་པའི་ན་གཞོན་བསྟན་འཛིན་དབྱངས་སྐྱིད་ལགས་ནས་ཕྱི་ལོ་ ༢༠༢༠ ནས་སོ་སོའི་མི་ཚེའི་མདུན་ལམ་དང་མཉམ་ཁོ་མོའི་དགའ་མོས་ཅན་གྱི་ཞོར་ལས་སྦག་སྦག་གཏོང་ནས་རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ཏུ་སྐོར་སྐྱོད་གནང་ཡོད་པ་མ་ཟད། ཉེ་ཆར་ཁོ་མོས་རང་གྱི་ཕ་དང་གཅེན་པོའི་མཉམ་དུ་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཡོད་པའི་འཛམ་གླིང་ནང་གི་མོ་ཊའི་འཁོར་ལམ་གྱི་ས་ཚིགས་མཐོ་ཤོས་ཨུམ་གླིང་ལར་བསྐྱོད་ནས་ཁོ་མོ་བཙན་བྱོལ་ནང་གི་བོད་པའི་བུད་མེད་སྦག་སྦག་གཏོང་ནས་ས་ཚིགས་དེར་འབྱོར་མཁན་ལོ་ན་ཆུང་ཤོས་དང་ཐོག་མ་དེ་ཆགས་ཀྱི་ཡོད། ཅེས་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
མ་ཟད་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས་སྦག་སྦག་སྐོར་སྐྱོད་གནང་སྐབས་སུ། བོད་མི་ཞིག་ཡིན་པའི་ཆ་ནས་སོ་སོ་ལ་འཕྲད་པས་ལས་འགན་གཙོ་བོ་བོད་དོན་དྲིལ་སྒྲགས་གནང་རྒྱུ་དང་ལྷག་པར་དུ་རྒྱ་གར་གྱི་ཡུལ་མི་ཚོ་ལ་བོད་དོན་སྐོར་ངོ་སྤྲོད་གང་ཡོང་གནང་ཡོད་ཅིང་། མ་འོངས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི། ཨུམ་གླིང་ལ་ལས་མཐོ་བའི་ས་ཚིགས་ཤིག་ཏུ་བསྐྱོད་དེ་བོད་ཀྱི་རྒྱལ་དར་འཕྱར་ཏེ་བོད་དོན་དྲིལ་བསྒྲགས་གནང་རྒྱུ་དེ་ཡིན་པ་གསུངས་ཀྱི་འདུག
བསྟན་འཛིན་དབྱངས་སྐྱིད་ལགས་ནས་ཕྱི་ལོ་ ༢༠༢༠ སྟེ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་སྐབས་སྦག་སྦག་བཏག་འགོ་བཙུགས་ཡོད་པ་དང་། ཐོག་མར་ཁོང་ནས་ལྡེ་ར་དྷུན་ནང་གིས་རྒྱ་གར་གཞོན་སྐྱེས་སྦག་སྦག་ཚོགས་པའི་ནང་འཛུལ་ཞུགས་ཀྱིས་ཁུལ་དེའི་སྦག་སྦག་བཟོ་ལས་ཁང་གི་ཚོང་དོན་དྲིལ་བསྒྲགས་དང་འབྲེལ་བའི་སྐོར་སྐྱོད་མང་པོ་གནང་མྱོང་ཡོད་འདུག མ་ཟད་ཁོང་བུད་མེད་ཅིག་ཡིན་པའི་ཆ་ནས་སྦག་སྦག་སྐོར་སྐྱོད་བྱེད་སྐབས་སུ་སྤྱི་ཚོགས་ནང་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་གནང་དགོས་པའི་གནས་སྟངས་ཡང་ཡོང་གི་འདུག་ཅིང་། མི་ཚེའི་ནང་ལས་དོན་གང་ཞིག་བྱ་རུང་གཙོ་ཆེ་ཤོས་ལས་དོན་དེ་མ་སྒྲུབ་བར་དུ་མུ་མཐུད་ནས་མཐའ་འཁྱོལ་རྒྱུ་གལ་ཆེན་ཡིན་པ་འགྲེལ་བརྗོད་གནང་གི་འདུག
བསྟན་འཛིན་དབྱངས་སྐྱིད་ལགས་ནི་ཕྱི་ལོ་ ༢༠༠༡ ལོར་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་འཚར་ལོངས་བྱུང་ཞིང་། ཆུང་དུས་གཞི་རིམ་སློབ་སྦྱོང་མ་སུ་རི་བོད་ཁྱིམ་དང་ད་ལྟའི་ཆར་ལྡེ་ར་དྷུན་ནང་རྟེན་གཞི་བྱེད་པའི་ (Shri Guru Ram Rai University) ནང་སྨན་ཞབས་པའི་སློབ་སྦྱོང་གནང་མུས་ཡིན་པ་རེད་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།