བསྟན་འཛིན་ཚེ་བརྟན་ལགས་ཇོ་ཏི་ནི་ཝས་མཐོ་སློབ་ཀྱི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་པ།

2022.09.15
བསྟན་འཛིན་ཚེ་བརྟན་ལགས་ཇོ་ཏི་ནི་ཝས་མཐོ་སློབ་ཀྱི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་པ། བསྟན་འཛིན་ཚེ་བརྟན་ལགས་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་ཐོབ་རྗེས་གཏམ་བཤད་གནང་བཞིན་པ།
མཐུན་སྦྱོར་པར་རིས།

ཉེ་ཆར་སྦེང་ལོར་གྲོང་ཁྱེར་ནང་ཆགས་པའི་ཇོ་ཏི་ནི་ཝས་མཐོ་སློབ་Jyoti Nivas Collegeཁང་ནང་སློབ་མ་༢༥༠༠ཙམ་ཡོད་པའི་ནང་ནས་བོད་རིགས་སློབ་མ་བསྟན་འཛིན་ཚེ་བརྟན་ལགས་སུ་མཐོ་སློབ་དེའི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོའི་འོས་བསྔུའི་ཁྲོད་འོས་མི་དྲུག་ཡོད་པ་ནས་རྒྱལ་ཁ་ཐོབ་ཡོད་འདུག་ཅིང་། སྐབས་དེར་རྒྱལ་ཁའི་གཏམ་བཤད་ནང་། ཐེངས་འདིའི་སློབ་ཕྲུག་ལྷན་ཚོགས་ཀྱི་ངོས་ནས་ཕན་ཚུལ་འབྲེལ་ལམ་དང་། མཉམ་ལས་བྱ་རྒྱུ། སློབ་ཕྲུག་ཚང་མ་ཚུད་པའི་གལ་ཆེ་ལས་དོན་གྱི་ཐོག་རྒྱུན་ལས་མཉམ་འབྲེལ་གྱིས་འགན་འཁུར་ལེན་རྒྱུ་ཡིན་ཞེས་གསུངས་འདུག

བསྟནའཛིན་ཚེ་བརྟན་ལགས་ཇོ་ཏི་ནི་ཝས་མཐོ་སློབ་ཀྱི་ནང་དབྱིན་ཇི་དང་རྒྱལ་རབས་དེ་བཞིན་སྤྱི་ཚོགས་རིག་གནས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་འདུག ཁོང་ད་ལན་མཐོ་སློབ་དེའི་སློབ་ཕྲུག་ལྷན་ཚོགས་ཀྱི་ཚོགས་གཙོར་བཞེངས་དགོས་པའི་རྒྱུ་མཚན་ནི་ལས་དོན་དེར་ཉམས་མྱོང་གསག་རྒྱུ་སོགས་ཀྱི་ཆེད་དུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྤྱིར་བཏང་མཐོ་སློབ་དེའི་སློབ་ཕྲུག་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱི་ནང་འཛུལ་བཞུགས་བྱ་རྒྱུར་ཉེ་བའི་གཙུག་རབ་འབྱམས་པའི་ལོ་རིམ་གསུམ་པའི་སློབ་མ་ཡིན་དགོས་པ། ལོ་དེའི་འཛིན་གྲྭར་འགྲིམ་པའི་བརྒྱ་ཆ་དེ་བརྒྱད་བཅུ་ཟིན་པ་དགོས་པ་དང་། ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་ཡང་བརྒྱ་ཆ་༦༠ལོན་དགོས་ཀྱི་ཡོད་པ། འོས་བསྡུའི་འགྲན་བསྡུར་དངོས་གཞིའི་སྐབས་གཏམ་བཤད་དང་བགྲོ་གླེང་གནང་སྟེ་འོས་བསྡུའི་ལམ་ནས་འདེམས་སྒྲུག་བྱེད་ཀྱི་ཡོད་པ་རེད།

Students_Union.jpg

ཁོ་མོས་ཚོགས་གཙོའི་འོས་མིར་བཞེངས་སྐབས། མཐོ་སློབ་ཏུ་ཡིག་རྒྱུགས་བསླེབ་ལ་ཉེ་སྟབས། དམིགས་བསལ་གྱི་དྲིལ་བསྒྲགས་བྱས་ཐུབ་མེད་ཀྱང་། ཁོ་མོའི་འབོད་ཚིག་གཙོ་བོ་ནི། ཁྱེད་ཀྱི་འབོད་སྒྲ་ནི་ཁྱེད་ཀྱི་གདམ་ཀ་ཡིན་ཞེས་པ་དེ་རེད་འདུག

མཐོ་སློབ་དེའི་ནང་རྒྱ་གར་སློབ་མ་ཕོན་ཆེ་བ་དང་བོད་པ་ཉུང་ཤས་ཤིག་ཆགས་ཡོད་དུས། བསྟན་འཛིན་ཚེ་བརྟན་ལགས་སུ་རྒྱལ་ཁ་ཐོབ་རྒྱུའི་བློ་དོགས་བྱུང་ཀྱང་། དེ་སྔ་ཁོང་ནས་མཐོ་སློབ་ཀྱི་བྱེད་སྒོ་འདྲ་མིན་གྱི་ནང་མཉམ་བཞུགས་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་སློབ་ཕྲུག་ཚོས་ཁོང་ངོ་ཤེས་པ་དང་འོས་བབ་མཐོང་སྟེ་འོས་བླུགས་པ་ཞིག་ལ་ངོས་འཛིན་གནང་གི་འདུག་ལ། སློབ་ཕྲུག་ལྷན་ཚོགས་ནས་སློབ་ཕྲུག་གི་ཤེས་ཡོན་དང་བདེ་སྡུག་ལྟ་སྐྱོང་གི་མཚོན་པའི་ཕྱི་ནང་གི་ལས་དོན་མང་པོ་ཞིག་གི་ཐོག་འགན་འཁུར་གནང་དགོས་ཀྱི་ཡོད་ཀྱང་། ཁོང་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་དོན་ཐོག་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པའི་འགྲེལ་བརྗོད་གནང་བྱུང་།

 བསྟན་འཛིན་ཚེ་བརྟན་ལགས་ནི་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་གཞིས་ཆགས་ཀྱི་ནང་སྐྱེས་ཏེ་ཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། གཞི་རིམ་སློབ་སྦྱོང་ཡང་གཞིས་ཆགས་འདི་ནས་ཐོན་པ་དང། མ་འོངས་པར་མུ་མཐུད་དབྱིན་ཡིག་ཐོག་ཆེད་སྦྱོང་གི་སློབ་སྦྱོང་མཐར་ཕྱིན་པ་བྱེད་དེ་ནང་མིའི་ལམ་སྟོན་ལྟར་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་རྒྱུའི་འདུན་པ་ཡོད་པ་བརྗོད་བྱུང་།

གསར་འགོད་པ། པདྨ་དངོས་གྲུབ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎