བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་གྲས་ཞིག་འདས་གྲོངས་སུ་སོང་བ།
2016.01.20
དགུང་ལོ་༧༩ཙམ་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྒན་གྲས་ཞིག་བོད་གྱི་རྒྱལ་ས་ལྷ་སར་འདས་གྲོངས་སུ་གྱུར་འདུག
དེ་ཡང་ཁ་ས་ཕྱི་ཕྱོགས་སུ་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་བ་འདིའི་ཚེས་༦ཉིན། བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ལགས་རང་གི་ཕ་ཡུལ་ལྷ་སར་དགོངས་པ་རྫོགས་ཡོད་པ་རེད་འདུག་ལ། བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ལགས་ནི། ད་ལོ་དགུང་ལོ་༧༩ལ་ཕེབས་ཡོད་པ་དང་། ཁོང་གི་འཁྲུངས་ཡུལ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ཡིན་ཞིང་། རྒྱ་ནག་གཞུང་གི་ཉེན་རྟོག་པས་བསྟན་འཛིན་ལགས་སྔ་རྗེས་སུ་ཐེངས་གཉིས་འཛིན་བཟུང་བཙོན་བཅུག་བྱས་ཡོད་པ་རེད།
བཙོན་ཁང་ནང་ཁོང་ལ་མི་ཆོས་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པའི་རྐྱེན་གྱིས་ཁོང་གི་སྤྱན་ལོང་ཡོད་པ་མ་ཟད་། ད་དུང་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཤིང་། བཙོན་ཁང་ནས་སྔ་སྣུར་གྱིས་གནས་སྐབས་རིང་གློད་བཀྲོལ་བཏང་ཡོད་པ་ཞིག་རེད་འདུག
དེ་མིན་ཁོང་ག་དུས་རྒྱ་ནག་གཞུང་གི་བཙོན་ཁང་ནས་འཛིན་བཟུང་བྱས་པ་དང་། བཙོན་ཁང་དུ་དུས་ཡུན་ཇི་ཙམ་བཞུགས་པ། འཛིན་བཟུང་བཙོན་བཅུགས་བྱེད་དགོས་དོན་གང་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་མིག་སྔར་ཁ་གསལ་མེད་པ་རེད་འདུག
སྤྱིར་རྒྱལ་སྤྱིའི་སྤྱི་ཚོགས་ནས་། རྒྱ་ནག་གཞུང་དེས་བཙོན་ཁང་ནང་བཙོན་བཅུགས་བྱས་པའི་བཙོན་པར་མི་ཆོས་ལས་བརྒལ་བའི་མནར་གཅོད་སྣ་ཚོགས་ཤིག་གཏོང་གི་ཡོད་པའི་སྐྱོན་འཛུགས་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་དང་། ཡིན་ནའང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་འཛུགས་དེ་ཚོར་དང་ལེན་མེད་པར་། དེ་ལས་ལྡོག་ཏེ་ད་ཆ་རྒྱ་ནག་ནང་གི་བཙོན་པར་མནར་གཅོད་གཏོང་མཁན་མེད་པར་བཙོན་པའི་གནས་སྟངས་ཡར་རྒྱས་ཆེན་པོ་ཕྱིན་ལུགས་བརྗོད་ཀྱི་ཡོད་ཀྱང་། ད་བར་བོད་མི་སྲིད་དོན་བཙོན་པ་ཚོར་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་ཞིག་བཏང་ཡོད་པའི་རྐྱེན་གྱིས། ཁོང་ཚོ་མང་པོ་ཞིག་ཕྱིས་སུ་གློད་བཀྲོལ་ཐོབ་པ་ཡིན་རུང་། བཙོན་ཁང་ནང་གཟུགས་པོ་ནད་གཅོང་བཟོས་ཟིན་སྟབས། དུས་ཡུན་རིང་པོ་མི་སོང་བར་ཁོང་ཚོ་འདས་གྲོངས་སུ་འགྲོ་གི་ཡོད་པའི་གནས་ཚུལ་མི་ཚོས་ཡང་ཡང་མིག་མཐོང་ལག་ཟིན་ཡོང་བཞིན་ཡོད་པ་རེད་འདུག
གསར་འགོད་པ་ཀུན་བཟང་རིག་འཛིན།