བསྟན་འཛིན་རྒྱ་མཚོ་དམ་དྲག་འོག་བླ་བྲང་དགོན་པར་བསྐྱེལ་འདུག
2016.04.12

བཙོན་བཀྲོལ་བྱུང་མ་ཐག་པའི་བསྟན་འཛིན་རྒྱ་མཚོ་ལགས་རྒྱ་ནག་གི་ལྟ་རྟོག་མི་སྣས་བླ་བྲང་དགོན་པར་བསྐྱེལ་འདུག
བོད་ཀྱི་ཆབ་སྲིད་བཙོན་པ་དགེ་འདུན་པ་བསྟན་འཛིན་རྒྱ་མཚོ་ལགས་དགོན་པར་ཕེབས་པའི་སྐབས་རྒྱ་མིའི་དམག་མིས་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་། དེ་བཞིན་མདོ་ལྷོ་གཙོད་གྲོང་ཁྱེར་དུ་རྒྱ་མིའི་དམག་མི་འཕོན་ཆེ་འབྱོར་བ་དང་དམག་མི་འགས་མང་ཚོགས་ཡིན་ཁུལ་དང་གདོང་ཐུག་བྱེད་ཁུལ་གྱི་རྣམ་པའི་འཁྲབ་སྟོན་བྱས་ཡོད་པ་རེད།
དེ་ཡང་འདི་གའི་བལ་ཡུལ་གྱི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་དོན་ལྟར་ན། ཟླ་བ་འདིའི་ཚེས་༧་ཉིན་ལོ་མང་བཙོན་ལ་ཚུད་པའི་དགེ་འདུན་པ་བསྟན་འཛིན་རྒྱ་མཚོ་ལགས་གློད་བཀྲོལ་ཐོབ་ནས་ནང་ཁྱིམ་དུ་ལོག་པ་དང་། དེའི་རྗེས་སྤྱི་ཚེས༡༡ཉིན་ཁོང་བླ་བྲང་དགོན་པར་རྒྱ་ནག་གི་བལྟ་རྟོག་མི་སྣས་བསྐྱེལ་མ་བྱས་ནས་མང་ཚོགས་ནས་ཁོང་ལ་དགའ་བསུ་ཞུ་མི་ཆོག་པའི་དམ་བསྒྲགས་བྱས་པ་མ་ཟད། དྲག་ཆས་དམག་མི་མང་པོ་དཔུང་འཇོག་བྱས་ཡོད་འདུག
ཡང་སྤྱི་ཚེས༡༢་ཉིན། མདོ་ལྷོ་གཙོད་གྲོང་ཁྱེར་ནང་། གློ་བུར་དུ་རྒྱ་མིའི་དམག་དཔུང་ལག་ཏུ་མེ་མདའ་འཁྱེར་བ་དང༌། དམག་གི་རླངས་འཁོར་འདྲ་མིན་སོགས་ཧ་ཅང་མང་པོ་ཞིག་སླེབས་ཡོད་འདུག དེའི་ཁོངས་སུ་འགའ་ཤས་ཀྱིས་བོད་ཆས་གྱོན་ནས་མང་ཚོགས་ཡིན་ཁུལ་བྱས་པ་ཁོང་ཚོའི་ལག་ཏུ་རྡོ་འཁྱེར་ཡོད་པ་དང་། དེ་ནས་དམག་མི་རུ་ཁག་ཡོང་བའི་སྐབས་མང་ཚོགས་ནས་ངོ་རྒོལ་བྱས་ཏེ་གང་ལྟར་དམག་མི་དང་མང་ཚོགས་གཉིས་དབར་གདོང་ཐུག་བྱུང་ཏེ་མང་ཚོགས་ཀྱིས་དམག་མིར་རྡོ་གཞུས་པ་སོགས་ཀྱི་རྣམ་འགྱུར་བསྟན་པ་དང་། མྱུར་སྐྱོབ་མོ་ཊ་ཡོང་བ་སོགས་འཁྲབ་སྟོན་ལྟབུ་ཞིག་བྱས་ཡོད་འདུག
ས་གནས་བོད་མི་ཞིག་གིས། སྐབས་དེར་མང་ཚོགས་ནས་པར་དང་བརྙན་པར་རྒྱབ་པ་སོགས་རྩ་བ་ནས་བྱེད་མི་ཆོག་པའི་བཀོད་ཁྱབ་ཀྱང་བཏང་ཡོད་ལུགས་བརྗོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།