༸གོང་ས་མཆོག་གིས། གང་ཉིད་མཆོག་ཇི་ཙམ་གྱིས་སྐུ་ཚེ་ཡུན་རིང་གནས་པ་དེའི་ཚོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ཡོང་ཐུབ་པའི་ཐུགས་རེ་ཡོད་པའི་སྐོར་བཀའ་གནང་སོང་།

ཞིང་གཤེགས་དམ་པ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་བླ་མ་ཐུབ་བསྟན་ཡེ་ཤེས་རྣམ་གཉིས་ཀྱིས་ཕྱག་བཏབ་པའི་༼ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་༽གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་ ༥ པའི་ཚེས་ ༢༤ ཉིན་ཐེབས་རྩ་ཁང་དེ་ཉིད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ཧོར་བོད་གསུམ་གཙོ་བོར་གྱུར་པའི་ཡུལ་གྲུ་ཁག་ནང་དེ་སྔ་སངས་རྒྱས་པའི་ཆོས་ལུགས་དར་ཁྱབ་ཆེན་པོ་ཕྱིན་པ་དེ་བར་སྐབས་ཤིག་ནས་འགྱུར་བ་ཆེན་འགྲོ་བསྡད་ཡོད་ལ། ལྷག་པར་དུ་དེ་སྔ་སངས་རྒྱས་པའི་ཆོས་དང་འབྲེལ་བ་མེད་པའི་ནུབ་ཕྱོགས་པའི་ནང་དུ་ཆོས་ལུགས་དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་དུས་ཚོད་དེ་འདྲ་ཞིག་ལ། ངོས་ཀྱིས་བསྟན་པའི་ཞབས་འདེགས་རྒྱ་ཆེན་པོ་ཞིག་སྒྲུབ་ཐུབ་པའི་སེམས་ཤུགས་སྐྱེས་ནས་བསྡད་ཡོད། ཅེས་དང་། ལྷག་དོན་དུ་གང་ཉིད་མཆོག་ཇི་ཙམ་གྱིས་སྐུ་ཚེ་ཡུན་རིང་གནས་པ་དེས་ཚོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ཡོང་ཐུབ་པའི་ཐུགས་རེ་ཡོད་པའི་སྐོར་བཀའ་གནང་སོང་།
ཐེག་ཆེན་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་ཐེབས་རྩ་ཁང་ནི་ཕྱི་ལོ་ ༡༩༧༥ ལོར་ཞིང་གཤེགས་དམ་པ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་། བླ་མ་ཐུབ་བསྟན་ཡེ་ཤེས་རྣམ་གཉིས་ཀྱིས་ཕྱག་བཏབ་སྟེ། ཐོག་མར་བལ་ཡུལ་ནས་འགོ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ ༣༧ གྱི་ནང་ཆོས་ཚོགས་དེ་ཉིད་ཀྱི་ཡན་ལག་ ༡༦༠ ཙམ་ཡོད་འདུག ཐེངས་འདིའི་བརྟན་བཞུགས་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བླ་མ་བཟོད་པ་རིན་པོ་མཆོག་ནས་ད་བར་བསྟན་འགྲོའི་ཆེད་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་ཁག་ལ་བསྔགས་བརྗོད་མཛད་བ་དང་ཆབས་ཅིག གང་ཉིད་མཆོག་གིས་འབྱུང་འགྱུར་ཁོང་གི་ཡང་སྲིད་མགྱོགས་མྱུར་བྱོན་པའི་ཐུགས་སྨོན་མཛད་གནང་སོང་།
ཡང་༸་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་བོད་གངས་ཅན་ལྗོངས་དང་། དེའི་ཉེ་འདབས་སུ་ཆགས་པའི་ཧི་མ་ལ་ཡའི་རི་རྒྱུད་དེ་དག་ནི་ལོ་རྒྱུས་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་དང་དམིགས་བསལ་འབྲེལ་བ་ཡོད་པས། ཡུལ་གྲུ་དེ་དག་གི་ནང་དུ་བསྟན་པ་དང་འགྲོ་བའི་དོན་དུ་ངོས་ཀྱིས་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་ཞབས་འདེགས་གང་ཐུབ་སྒྲུབ་ཐུབ་པའི་རེ་བ་ཡོད། དེ་ཡང་སངས་རྒྱས་པའི་ཆོས་ལ་དད་པ་བྱས་པ་ཙམ་གྱིས་འདང་གི་མེད་པར་གཙོ་བོ་རིགས་པའི་ལམ་ནས་དཔྱད་པ་བྱས་ཏེ་སློབ་གཉེར་གནང་དགོས་པ་བཀའ་གནང་སོང་།
ད་རེས་བརྟན་བཞུགས་སྐབས། བལ་ཡུལ་ཀོ་པན་དགོན་པ་ནས་དགེ་འདུན་པ་ ༡༠༠ ལྷག་ཚུད་པའི་ཆོས་ཚོགས་དེ་ཉིད་ཀྱི་ཡན་ལག་ ༡༣༠ ཙམ་ནས་ཕྱི་རྒྱལ་གྱ་ིསློབ་མ་དང་རྗེས་འབྲང་པ་སོགས་མཉམ་བཞུགས་གནང་འདུག་ཅིང་། ཀོ་པན་དགོན་པ་ནས་ཡིན་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས། ད་རེས་ཀྱི་བརྟན་བཞུགས་འདི་ཧ་ཅང་གི་ཡག་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་། ཡང་དབྱིན་ཡུལ་ནས་ཡིན་པའི་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གི་སློབ་མ་ལྕམ་Jane Moore ལགས་ཀྱིས། ད་རེས་ངའི་དགེ་རྒན་བླ་མ་བཟོད་པ་རིན་པོ་ཆེའི་ཆོས་ཚོགས་བརྒྱུད་ནས༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུསཏེ། གང་ཉིད་མཆོག་ལ་སྟོན་པའི་སྐུ་བརྙན་ཞིག་འབུལ་རྒྱུ་བྱུང་བ་ནི་ཤིན་ཏུ་ངོ་མཚར་ཆེ། རྒྱུན་དུ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་གིས། སེམས་པ་བཟང་པོ་གནང་དགོས་པའི་ལམ་སྟོན་མཛད་པ་དེ་ང་ཚོ་ནང་མི་ཚོས་གང་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་བླ་མ་བཟོད་པ་རིན་པོ་ཆེའི་སློབ་མ་རྒྱལ་ས་ལྡི་ལིར་གནས་སྡོད་རྒྱ་གར་གྱི་ཁྲིམས་རྩོད་པ་སྐུ་ཞབས་ Ranjit Singh Walia ལགས་ནི་ལོ་ངོ་ ༣༢ རིང་རིན་པོ་ཆེའི་སྐུ་མདུན་ནས་བཀའ་ཆོས་དང་ལམ་སྟོན་ཞུས་འདུག་པ་དེས་ཁོང་གི་མི་ཚེར་ཤུགས་རྐྱེན་ཆེན་པོ་ཐེབས་འདུག རིན་པོ་ཆེ་མཆོག་ནི་ངའི་བླ་མ་དང་། མི་ཚེའི་ལམ་སྟོན་པ་ཡིན་པས། ང་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན། ད་རེས་རིན་པོ་ཆེ་མཆོག་གིས་ཆོས་ཚོགས་བརྒྱུད་ནས༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བརྟན་བཞུགས་དངོས་སུ་ཕུལ་ཐུབ་པ་དེ་ནི་དེ་སྔོན་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་སྒྲུབ་དགོས་པའི་ལས་དོན་གལ་ཆེ་ཤོས་ཤིག་ཡིན་པས། ང་ད་རེས་འདིའི་ནང་ཆ་ཤས་ལེན་ཐུབ་པ་དེ་ནི་སྐལ་བ་བཟང་ངོ་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཕྱི་ཟླ་ ༥ པའི་ཚེས་ ༣༠ ནས་༣༡ བར་ཉིན་གྲངས་གཉིས་རིང་གི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། དེ་ཡང་ཚེས་ ༣༠ ཉིན་སྐྱབས་འགྲོ་ངོ་སྤྲོད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་། ཚེས་ ༣༡ ཉིན་རྗེ་བཙུན་འཇམ་དཔའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།