རྔ་པ་ཀིརྟི་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ།
2011.04.17
༄༅༎ཕྱི་ཟླ་ ༤ ཚེས་ ༡༧ ཉིན་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན་ ཚེས་ ༡༧ ཉིན་རྔ་པ་རྫོང་ནས་ཡོད་པའི་གཞུང་གི་ལས་བྱེད་པ་ཐ་ན་སློབ་གྲྭའི་དགེ་རྒན་ཚུན་ཆད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་བཞིན་པ་དེའི་ནང་ལས་འགུལ་སྤེལ་མཁན་གྱི་ངོ་བོའི་ཐོག་མཉམ་ཞུགས་བྱས་ཡོད་འདུག་པར་མ་ཟད་ རྔ་པ་རང་སྐྱོང་ཁུལ་གྱི་རྫོང་ཁག་བཅུ་གསུམ་ཡོད་པའི་ཁོངས་ནས་ མཛོད་དགེ་རྫོང་གི་ལས་བྱེད་པ་མང་པོ་ཞིག་ཀྱང་རྒྱབ་དཔུང་ལྟ་བུར་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་འདུག་ཅིང་ བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་འབྱོར་བྱུང་བ་དེའི་ནང་ ཕྱི་ཚེས་ ༡༧ ཉིན་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བ་དེའི་ནང་ལས་བྱེད་ ༨༠༠ ཡས་མས་ཙམ་སླེབས་ཡོད་པའི་ཚོད་དཔག་གནང་འདུག།
ལྷག་པར་དུ་ཕྱི་ཚེས་ ༡༧ ཉིན་རྔ་པ་ཀིརྟི་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་སྟངས་དེ་ ཉིན་སྔོན་མ་རྣམས་དང་མི་འདྲ་བར་ ཕྱི་ཚེས་ ༡༧ ཉིན་མི་རེ་རེ་ཚོགས་དབུས་སུ་ཡར་ལངས་བཅུག་ནས་དྲི་བར་ལན་འདེབས་དང༌། བསམ་ཚུལ་བཤད་བཅུག་པ་སོགས་བྱས་འདུག་པས་དགེ་འདུན་པ་རྣམས་ཀྱིས་རྒྱ་གཞུང་གི་ལས་བྱེད་ཚོའི་འདོད་པ་དང་མཐུན་པའི་དྲིས་ལན་དང་བསམ་ཚུལ་མ་བཤད་པའི་རྐྱེན་གྱིས་ རྒྱ་གཞུང་གི་ལས་བྱེད་པ་ཚོས་ ད་ལྟ་ཡང་ཁྱེད་ཚོའི་སློབ་གསོའི་རྣམ་འགྱུར་ཡག་ཏུ་སོང་མི་འདུག་པས་སློབ་གསོའི་ལས་འགུལ་གྱི་དུས་ཡུན་རིང་དུ་འགྲོ་སྲིད་པ་ཡིན་སྐོར་ཉེན་བརྡ་ཡང་བཏང་ཡོད་འདུག།
ཡང་རྔ་པ་ཀིརྟི་དགོན་པའི་བྱང་ཕྱོགས་སུ་ལྕགས་རི་བསྐོར་བ་ལྟ་བུའི་རྩིག་པ་རྒྱག་བཞིན་པ་ཚང་མ་བརྒྱབ་ཟིན་འདུག་པས་ ད་ནས་བཟུང་དགོན་པའི་ཕྱི་ནང་དུ་འགྲོ་འོང་བྱེད་ས་ལྷག་འཕྲོས་ཕྱོགས་གསུམ་གྱི་སྒོ་ཆེན་གསུམ་མ་གཏོགས་མེད་པར་གྱུར་ཡོད་པས་མ་འོངས་པར་དམ་བསྒྲགས་བྱེད་རྒྱུ་ལས་སྟབས་བདེ་ཆགས་ཡོད་ལུགས་ རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པའི་བཏང་གནས་དེའི་ནང་འཁོདའདུག།