བོད་ཀྱི་ཐང་བྲིས་སྒྱུ་རྩལ་བ་དང་བོད་ལྗོངས་སློབ་ཆེན་གྱི་བཟོ་རིག་སློབ་དཔོན་བསྟན་པ་རབ་བརྟན་ལགས་དགུང་གྲངས་༨༢སྟེང་ལྷ་སར་སྐུ་གཤེགས་ཡོད་འདུག

2022.08.30
བོད་ཀྱི་ཐང་བྲིས་སྒྱུ་རྩལ་བ་དང་བོད་ལྗོངས་སློབ་ཆེན་གྱི་བཟོ་རིག་སློབ་དཔོན་བསྟན་པ་རབ་བརྟན་ལགས་དགུང་གྲངས་༨༢སྟེང་ལྷ་སར་སྐུ་གཤེགས་ཡོད་འདུག སློབ་དཔོན་ཆེན་མོ་བསྟན་པ་རབ་བསྟན་གྱི་པར་རིས། ཟླ་ཚེས་མི་གསལ།
Weibo

ཕྱི་ཟླ་༨ཚེས་༢༩ཉིན་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་བ་ཆེན་མོ་དང་བོད་ཀྱི་རྒྱལ་ས་ལྷ་སའི་བོད་ལྗོངས་སློབ་ཆེན་གྱི་བཟོ་རིག་སློབ་དཔོན་ཆེན་མོ། བསྟན་པ་རབ་བརྟན་མཆོག་སྙུང་གཞི་ཞིག་གི་རྐྱེན་བྱས་ཏེ་སྨན་ཁང་དུ་བསྟན་གཏུག་བྱས་ཀྱང་ཕན་འབྲས་མ་བྱུང་བར་དགུང་གྲངས་༨༢སྟེང་སྐུ་གཤེགས་ཡོད་པ་དང་། ཁོང་གི་སྐུ་སྙུང་རྗེས་སྨན་པས་བཀོད་མངགས་བཞིན་ཕྱིར་ནང་དུ་ཕེབས་ཏེ་སྐུ་ངལ་གསོས་ཡོད་ཀྱང་།ཉིན་དེའི་དགུང་དྲོའི་བོད་ནང་གི་ཆུ་ཚོད་༡༠དང་སྐར་མ་༥༠སྟེང་དྲག་སྐྱེད་བྱུང་མེད་པ། བོད་ལྗོངས་རབ་བསྟན་ཐང་བྲིས་སྒྱུ་རྩལ་གླིང་གི་སློབ་གྲྭའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་ནས་མཁོ་སྤྲོད་གནང་བྱུང་ན་ཡང་། གསལ་བསྒྲགས་དེའི་ནང་ཁོང་གི་བཟའ་ཟླ་དང་བུ་མོ་བཅས་འབྲེལ་ཚོས་སྨན་ཁང་དུ་སྨན་བཅོས་ཆེད་ཁྲིད་སྐོར་ལས། སྙུང་གཞི་ག་རེ་ཡིན་སོགས་གསལ་ཁ་གང་ཡང་མི་འདུག

སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་མཆོག་ནས་ད་བར་བོད་ནང་གི་སྤྱི་ཚོགས་ཐོག་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་སུ་ཐང་བྲིས་སྒྱུ་རྩལ་བ་འབོར་ཆེན་གསོ་སྐྱོང་དང་། བོད་ཀྱི་བཟོ་རིག་སྒྱུ་རྩལ་དེ་བཞིན་རྒྱ་ནག་དང་རྒྱལ་སྤྱིའི་སྟེང་འགྲེམས་སྟོན་སོགས་བྱས་ཏེ་སྲུང་སྐྱོབ་དང་དར་སྤེལ་ཆེན་པོ་བཏང་ཡོད་པ་དང་། ཐེངས་འདིར་ཁོང་སྐུ་གཤེགས་པར་བོད་ནང་གི་ཤེས་ཡོན་པའི་སྡེ་ནས་དྲ་ལམ་ཁག་ཏུ་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུ་མཁན་མང་པོ་ཡོད་པ་ལས། བོད་ནང་གི་རྩོམ་པ་པོ་ཞིག་ནས་དགེ་རྒན་ཆེན་མོ་ཁོང་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་བཟོ་རིག་སྒྱུ་རྩལ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་ཐད་ཕྱག་རྗེས་བླ་ན་མེད་པ་བཞག་གནང་མཛད་མཁན་གྱི་སྐྱེས་བུ་དམ་པ་ཞིག་དང་། བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་འདི་ཉིད་དེང་རབས་ཀྱི་སློབ་གྲྭ་ཆེན་མོའི་ཁྲིད་སྟེགས་སུ་འདྲེན་པའི་ཤིང་རྟ་མཁན་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག

640 (1).jpg

བོད་ནང་གི་དགེ་ལུགས་དྲ་རྒྱ་ཞེས་པར་བཀོད་པའི་ཁོང་གི་ལོ་རྒྱུས་ནང་། ཁོང་གིས་ཕྱི་ལོ་༡༩༦༠ལོ་ནས་ནག་ཆུ་བྱེ་ཟག་བཟོ་གྲྭ་དང་སྣ་དཀར་རྩེ་ཞིང་རྭའི་སློབ་ཆུང་སོགས་སུ་ཡུན་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད་པ་དང་། ཕྱི་ལོ་༡༩༨༠་ནང་ཁོང་གིས་རང་ཁྱིམ་དུ་སློབ་ཡོན་མི་དགོས་པའི་སྒེར་གཉེར་མཛེས་རྩལ་སློབ་གྲྭ་བཙུགས་ཤིང་སྤྱི་ཚོགས་ཐོག་གི་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་དང་། ཁྱིམ་ཚང་དབུལ་བོའི་བྱིས་པ་དང་དབང་བོ་སྐྱོན་ཅན་ཚོར་ཐང་བྲིས་བསླབ་སྟེ་སྤྱི་ཚོགས་སྟེང་ཐང་བྲིས་ལ་བྱང་ཚད་མཐོ་བའི་སློབ་མ་༢༠༠ལྷག་གསོ་སྐྱོང་གནང་ཡོད་པ་དང་། རྗེས་སུ་ཕྱི་ལོ་༡༩༨༤ལོར་བོད་ལྗོངས་སློབ་ཆེན་དུ་བོད་ཀྱི་སྲོལ་རྒྱུན་རི་མོའི་ཆེད་ལས་དགེ་རྒན་གྱི་ཐུགས་འགན་བཞེས་ཡོད་འདུག་ལ། ཁོང་གི་འབད་བརྩོན་འོག་བོད་ལྗོངས་སློབ་ཆེན་དུ་ཆེད་སྦྱོང་སློབ་མ་ནས་དངོས་གཞིའི་སློབ་མ་དང་། རབ་འབྱམས་ཞིབ་འཇུག་སློབ་མ་དང་ད་ལྟའི་ཆར་འབུམ་རམས་ཞིབ་འཇུག་སློབ་མ་བར་ཐང་བྲིས་སྒྱུ་རྩལ་སློབ་གཉེར་བྱེད་ས་ཡོད་པ་མ་ཟད། ཁོང་ལ་རྒྱ་ནག་དང་ཉི་ཧོང་སོགས་རྒྱལ་སྤྱི་རིམ་པའི་རི་མོའི་སྒྱུ་རྩལ་གྱི་བྱ་དགའ་མང་པོ་ཐོབ་གནང་ཡོད་འདུག

སྒྱུ་རྩལ་བ་བསྟན་པ་རབ་བརྟན་མཆོག་ནི་ཕྱི་ལོ་༡༩༤༡ལོར་ལྷ་སར་རི་མོར་མཁས་པའི་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་ལས་བྱེད་ཅིག་གི་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཤིང་། ཁོང་གི་སྤོ་བོ་ཨེ་པ་ཚེ་རིང་རྒྱའུ་མཆོག་ནི་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་གམ་བཅར་རི་མོ་བའམ་རི་མོའི་དབུ་མཛད་ཆེན་མོ་དང་། ཡབ་དྲུང་གཏོགས་སྐལ་བཟང་ནོར་བུ་མཆོག་ནི་སྔར་བཀའ་ཤག་སྲིད་གཞུང་གི་གཞུང་བཙུགས་ཞོལ་འདོན་དཔལ་ལས་ཁུངས་ཀྱི་བཟོ་རྩལ་བཟོ་བཀོད་སློབ་དཔོན་ཆེན་མོ་ཡིན་འདུག་པ་དང་། བསྟན་པ་རབ་བརྟན་ལགས་ནས་ཕྱི་ལོ་༡༩༥༩ལོར་བོད་ས་ཤོར་རྗེས་ཁོང་གིས་ལྷ་ས་དམག་ཁུལ་ཐོན་སྐྱེད་རུ་ཁག་ཏུ་ལས་གཉེར་བྱས་ཡོད་པ་དང་། རྗེས་སུ་རིག་གནས་གསར་བརྗེ་སྐབས་བོད་ཀྱི་རིག་གནས་དང་འབྲེལ་བའི་རི་མོ་དང་ཐང་ཀ་སོགས་འབྲི་མ་བཅུག་པར་དཀའ་ངལ་འཕྲད་ཡོད་ན་ཡང་། རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་ཁོང་གིས་བོད་ཀྱི་རི་མོ་དང་འབྲེལ་བའི་དཔྱད་རྩོམ་བཅུ་ཕྲག་འགའ་རྩོམ་གནང་མཛད་ཡོད་པ་དང་། ཕྱི་ལོ་༢༠༡༤ལོར་ནས་ཁོང་རྒྱ་ནག་རྒྱལ་ཡོངས་མཛེས་རྩལ་མཐུན་ཚོགས་ཀྱི་མཛེས་རྩལ་སློབ་གསོ་ལྷན་ཚོགས་ཀྱི་ཚོགས་མིར་གདམས་སྟེ། ཁོང་གི་ལོ་རྒྱུས་རྒྱ་ནག་དེང་རབས་སྒྱུ་རྩལ་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མིང་མཛོད་དང་སོགས་སུ་བཀོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎