༩།༡༡་དོན་རྐྱེན་བྱུང་ནས་ལོ་༡༠་འཁོར་བའི་དྲན་གསོ།
2011.09.12
༄༅༎འཇིགས་སྐུལ་དྲག་སྤྱོད་པས་ཨ་རིའི་ས་ཐོག་གཏོར་རྒོལ་བཏང་བའི་དགུ་བཅུ་གཅིག་གི་ཚབས་ཆེའི་དོན་རྐྱེན་དེ་བྱུང་ནས་ཁ་ས་ལོ་༡༠ཧྲིལ་པོ་འཁོར་བའི་དྲན་སོའི་ཉི་མོ་དེ་བཞིན་ཁ་ས་ཨ་རི་རྒྱལ་ཡོངས་ནང་གནང་ཡོད་པ་དང༌། ལྷག་པར་དུ་ལོ་༡༠གོང་ཚབས་ཆེའི་གཏོར་རྒོལ་གཏོང་ཡུལ་གྲོང་ཁྱེར་ནིའུ་ཡོརཀ་དུ་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་སྲིད་འཛིན་ཟུར་པ་ཇོརྗ་ཌབ་ལུ་སྦུཤི་རྣམ་གཉིས་དབུས་པའི་མི་མང་བརྒྱ་ཕྲག་མང་པོ་འདུས་ནས་མྱ་ངན་གྱི་དྲིལ་བུ་དཀྲོལ་གནང་བ་དང༌། ཚང་མས་མིག་ནས་འཆི་མ་ལྷུང་བཞིན་ཚོར་བ་དྲག་པོའི་སྒོ་ནས་ཡིད་སེམས་སྐྱོ་བའི་དྲན་གསོའི་མཛད་སྒོ་དེ་ཁ་ས་གནང་ཡོད་པ་རེད།
སྲིད་འཛིན་ཨོ་སྦ་མ་མཆོག་གྲོང་ཁྱེར་ནིའུ་ཡོརཀ་ནང་གི་དགུ་བཅུ་གཅིག་གི་དོན་རྐྱེན་གྱི་དྲན་གསོའི་མཛད་སྒོའི་ནང་མཉམ་ཞུགས་གནང་རྗེས་། དགུ་བཅུ་གཅིག་གི་གཏོར་རྒོལ་གཞན་གཏོང་ཡུལ་གྱི་ས་གནས་པེན་སིལ་ལྦེ་ནི་ཡར་ཕེབས་ནས་མེ་ཏོག་གི་མཆུན་བུ་ཕུལ་ནས་འདས་པོ་ཚོར་མྱ་ངན་དྲན་གསོ་གནང་བ་དང༌། དེ་རྗེས་ཨ་རིའི་རྒྱལ་སའི་ནང་གི་པེན་ཀྲ་གོན་དམག་དོན་ལྷན་ཁང་གི་ཕྱི་ལ་ཡོད་པའི་དགུ་བཅུ་གཅིག་གི་དྲན་རྟེན་ཡོད་སར་ཕེབས་ནས་མྱ་ངན་དྲན་གསོའི་མཛད་སྒོའི་ནང་མཉམ་ཞུགས་གནང་འདུག།
ཁ་ས་དགོང་དྲོ་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་དགུ་བཅུ་གཅིག་གི་མྱ་ངན་དྲན་གསོའི་མཛད་སྒོ་ཞིག་གི་ཐོག་སྲིད་འཛིན་ ཨོ་སྦ་མ་མཆོག་གིས་ ཨ་རིའི་མང་ཚོགས་ལ་གསུངས་བཤད་གནང་སྐབས། སྐབས་དེ་དུས་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་ནང་ཚེ་སྲོག་ཤོར་བ་ཚོ་དང༌། དེས་རྐྱེན་པས་དམག་འཁྲུག་ནང་ཚེ་སྲོག་ཤོར་བ་ཚོ་ང་ཚོས་བསྐྱར་དུ་གསོན་པོ་བཟོ་ཐུབ་ཡག་མེད་ནའང༌། འདས་པའི་ལོ་བཅུའི་ནང་ང་ཚོས་འཛམ་གླིང་ཡོང་ལ་ཨ་རི་བ་ཚོ་ཞེད་ནས་སྡོད་ཀྱི་མེད་པ་གསལ་པོ་བཏོན་ཐུབ་པ་བྱུང་ཡོད་ཅེས་གསུང་བཞག།