ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་གནང་བཞིན་པ།
2013.11.11
༧གོང་ས་མཆོག་གིས་མ་ལེ་ཤེ་ཡ་གཙོས་ཕྱི་ནང་དད་ལྡན་པ་སྟོང་ཕྲག་ཁ་ཤས་ལ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་གནང་བཞིན་པ་རེད།
དེ་ཡང་གནས་ཚུལ་ལྟར་ན། ཚེས་༡༡ཉིན་གྱི་སྔ་དྲོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙུག་ལག་ཁང་དུ་མ་ལེ་ཤེ་ཡའི་ཆོས་གྲོགས་ཤིག་དང་། ཁོང་གི་ཆོས་ཚོགས་ཀྱི་ཚོགས་མི་ཁག་གིས་གཙོས་པའི་ཕྱི་རྒྱལ་དད་ལྡན་ཆོས་ཞུ་བ། དེ་བཞིན་རྡ་སར་གནས་ཞུགས་སེར་སྐྱ་མང་ཚོགས་བཅས་ལ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་མཛད་པའི་སྐབས། ཐོག་མར་སྐྱབས་འགྲོ་ངོ་སྤྲོད་དང་འབྲེལ་ཁ་ནས་ཚིག་འདོན་པ་ཙམ་གྱིས་གོ་མི་ཆོད་པར་ནང་དོན་ལ་བསམ་བློ་གཏོང་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་བཀའ་སྩལ་སྐབས། སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་ཆོས་འཆད་པ་པོ་དང་། ཉན་པ་པོ་སུ་ཞིག་ཡིན་རུང་འཆད་ཉན་བྱེད་དགོས་ཀྱི་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་དག་གི་ནང་གཞིའི་གནས་ཚུལ་གཙོ་བོ་འགྲེལ་བཤད་མང་པོ་གནང་དགོས་པ་དེ། ང་ཚོའི་སེམས་དེ་འདུལ་དགོས་ཀྱི་ཡོད་ཙང་སྔོན་དུ་འདུལ་བྱའི་སེམས་དེ་ག་འདྲ་ཞིག་ཡིན་མིན་དང་། དེའི་འགྲོ་སྟངས་དེ་ག་འདྲ་ཞིག་ཡིན་མིན་ཤེས་དགོས་ཀྱི་ཡོད་རེད། དེར་བརྟེན་གཞིའི་གནས་ཚུལ་མང་པོ་ཞིག་གསུངས་དགོས་བྱུང་བ་རེད།
སངས་རྒྱས་པའི་ཆོས་ཟེར་བ་དེ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར་ཞེས་གསུངས་པ་བཞིན། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ཡིན་ལུགས་ག་འདྲ་ཞིག་ཡིན་མིན་གསུངས་ཡོད་པ་དེ་ང་རང་ཚོས་ཤེས་བ་བྱས་ཏེ། ང་རང་ཚོར་རང་ཆས་སུ་ཡོད་པའི་ཤེས་པའི་རྣམ་དཔྱོད་ཀྱི་ནུས་པ་བཏོན་ནས་ཕྱིན་ཅི་ལོག་པའི་བློ་དང་། བློ་དེས་བསྐྱེད་པའི་སྡུག་བསྔལ་དེ་དག་སེལ་ཐབས་བྱེད་དགོས་པ་རེད་མ་གཏོགས་གཟུངས་སྔགས་ཤིག་བགྲངས་ནས་ཕན་ཐོགས་པ་ཁག་པོ་རེད་ཅེས་སོགས་བཀའ་སྩལ་འདུག