བོད་ཕྲུག་རྣམས་ནས་གནའ་དེང་གཉིས་ཀྱི་ཤེས་ཡོན་ལྡན་པའི་སློབ་མ་ཞིག་བྱ་དགོས་རྒྱུ་ཧ་ཅང་གལ་ཆེ་བ་ཡིན་ཞེས། ༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ།

2024.10.23
བོད་ཕྲུག་རྣམས་ནས་གནའ་དེང་གཉིས་ཀྱི་ཤེས་ཡོན་ལྡན་པའི་སློབ་མ་ཞིག་བྱ་དགོས་རྒྱུ་ཧ་ཅང་གལ་ཆེ་བ་ཡིན་ཞེས། ༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ། བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བའི་མཛད་སྒོའི་སྐབས། ༢༠༢༤།༡༠།༢༣ ཉིན།
RFA/ Tenzin Woeser

ཟླ་འདིའི་ཚེས་ ༢༣ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་འཚོགས་སོང་བ་དང་། སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས། བོད་པའི་སློབ་མ་རྣམས་ནས་གནའ་རབས་དང་དེང་དུས་གཉིས་ཀྱི་ཤེས་ཡོན་ལྡན་པའི་སློབ་མ་ཞིག་བྱ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ཞིང་། ལོ་ལྟར་བཞིན་ཟླ་འདིའི་ཚེས་ ༢༣ ཉིན་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། དུས་དྲན་དེ་དང་བསྟུན་སློབ་གྲྭའི་ངོས་ལོ་རེའི་ནང་སྐྱོན་དང་ཡོན་ཏན་གང་ཡོད་པ་རྣམས་རྟོགས་ཞིབ་གནང་རྒྱུའི་དུས་དྲན་ཁྱད་པ་ཅན་ཞིག་ཆགས་ཀྱི་ཡོད་ཅེས་བཀའ་སློབ་སྩལ་སོང་།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནས་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་རྩ་མེད་ཀྱིས། བོད་པའི་སྐད་ཡིག་དང་རིག་གཞུང་རྩ་མེད་དང་རྒྱ་སྒྱུར་གྱི་སྲིད་བྱུས་ངན་པ་སྤེལ་དང་སྤེལ་མུས་ཡིན་པས། བཙན་བྱོལ་དུ་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ནས་གནད་དོན་དེ་དག་དྲན་པའི་ཐོག་ནས་བོད་ཀྱི་སྐད་དང་རིག་གཞུང་ལ་སྦྱང་བརྩོན་གྱིས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐད་དའབད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ། ལྷག་དོན་དུ་ལོ་མང་ནས་བུ་ཕྲུག་ཁྱིམ་སྡེའི་ནང་དུ་སྐུ་ལས་ཚད་མེད་བསྐྱོན་མཁན་གྱི་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་དང་ཨ་མ་རྗེ་བཙུན་པདྨ་ལགས་གཙོས་པའི་དགེ་ལས་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཡོད་ཅེས་གསུངས་སོང་།

unnamed (3).jpg
བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༤ འཁོར་བའི་མཛད་སྒོའི་སྐབས། ༢༠༢༤།༡༠།༢༣ ཉིན།

གཞན་ཡང་ཐེངས་འདིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ལགས་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དེ་བཞིན་ཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐོག་མར་གསར་འཛུགས་གནང་མཁན་གྲས་སྐུ་ཞབས་ Jan Andersson ལགས་བཅས་ཆེད་ཕེབས་གནང་ཡོད་པ་དང་། རྩ་བའི་འདི་ལོ་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པ་ཉིན་མོ་དང་འབྲེལ་དེའི་དགོས་དམིགས་གཙོ་བོ་ནི། འགྲོ་བ་མི་མཐུན་སྒྲིལ་གོང་འཕེལ་གྱིས་འཛམ་གླིང་ཐོག་ཞི་བདེ་བསྐྲུན་ཐབས་ཆེད་ཡིན་པ་དང་། དུས་ཆེན་སྲུང་བརྩི་དེ་བཞིན་ཟླ་ ༡༠ པའི་ཚེས་ ༢༣ ནས་ ༢༦ བཅས་ཉིན་གྲངས་བཞིའི་རིང་འཚོག་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎