བོད་རྒྱ་དབྱིན་གསུམ་གྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།
2015.02.06
བོད་ནང་ཕྱི་ལོ་ཉིས་སྟོང་བཅུ་བཞི་ལོར་རྒྱ་ནག་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་བཙོན་པ་༡༣༧ཙམ་བྱུང་ཡོད་འདུག
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཉིས་སྟོང་བཅུ་བཞི་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་དེ་བཞིན་ཕྱི་ཚེས་བདུན་ཉིན་བཞུགས་སྒར་གྱི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་འགྲེམས་སྤེལ་གནང་རྒྱུ་ཡིན་པ་དང་། ཉིས་སྟོང་བཅུ་བཞི་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་བཞིན་བོད་རྒྱ་དབྱིན་ཡིག་སྐད་ཡིག་གསུམ་གྱི་ཐོག་འགྲེམས་སྤེལ་གནང་རྒྱུ་ཡིན་ཞིང་། དེ་ནི་རྒྱ་ཡིག་སྐད་ཡིག་ཐོག་ནས་འགྲེམས་སྤེལ་བྱས་པ་ད་རེས་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་འདུག ལོ་འཁོར་སྙན་ཐོ་དེའི་ནང་དོན་སྐོར་གསར་འགོད་པར་གནས་ཚུལ་སྔོན་ཚུད་མཁོ་སྤྲོད་གནང་བའི་ནང་། རྒྱ་ནག་གཞུང་གིས་དེ་སྔོན་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་མང་པོ་ཞིག་གི་ཐད་ལེགས་བཅོས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་རྣམས་དོན་དངོས་ལག་ལེག་བྱས་མེད་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་མཐའ་དག་སྔར་བས་ཇེ་ཞན་ཇེ་སྡུག་དུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མི་རྣམས་འཇུ་བཟུང་བཀག་སྡོམ་འོག་འདས་གྲོངས་སུ་གྱུར་བ་དང་། བོད་མི་མང་པོར་སྡུག་སྦྱོང་ཁྲིམས་གཅོད་གཏོང་བཞིན་པ། བོད་མིའི་འདུ་འཛོམས་རང་དབང་བརྡལ་བཤིག་བཏང་ཡོད་པ་བཅས་དོན་ཚན་གསུམ་དམིགས་བསལ་བཏོན་ནས་དེ་དང་འབྲེལ་བའི་དཔེར་མཚོན་དྲངས་ནས་གླེང་སློང་གནང་ཡོད་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲེམས་སྤེལ་གནང་རྒྱུའི་ཉིས་སྟོང་བཅུ་བཞི་ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་དེའི་ནང་ད་དུང་བོད་ནང་དེང་སྐབས་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་ཤུགས་ཆེ་བྱས་པའི་འོག་ས་གནས་ཀྱི་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད་པར་བོད་མི་ཚོས་ངོ་རྒོལ་བྱ་རྒྱུར་བཀག་སྡོམ་དང་། བོད་མི་ངོ་རྒོལ་བ་ཚོ་འཛིན་བཟུང་བཙོན་འཇུག་བྱེད་པའི་གནས་ཚུལ་ཚབས་ཆེ་རུ་ཕྱིན་ཡོད་པའི་སྐོར་བཀོད་ཡོད་པ་རེད་ལ་དེང་སྐབས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པ་བོད་མི་ཆབ་སྲིད་བཙོན་པ་༢༡༡༠ལྷག་ཡོད་པ་དང་། དེའི་ནང་ཕྱི་ལོ་ཉིས་སྟོང་བཅུ་བཞི་ལོ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཙོན་པ་༡༣༧ཡོད་པ་བཀོད་འདུག
གསར་འགོད་པ་འཆི་མེད།