བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཡོ་རོབ་ཏུ་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གནང་ཕྱོགས་སྐོར་གོ་རྟོགས་སྤེལ་ཡོད་པ།

2024.11.22
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཡོ་རོབ་ཏུ་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གནང་ཕྱོགས་སྐོར་གོ་རྟོགས་སྤེལ་ཡོད་པ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཡོ་རོབ་ཏུ་བོད་དོན་ཞུ་གཏུག་སྐབས། ༢༠༢༤།༡༡།༠༨ ཉིན།
TCHRD

ཟླ་ ༩ པའི་ཟླ་མཇུག་ནས་ཟླ་ ༡༡ ཚེས་ ༡༠ བར་བཅས་བདུན་ཕྲག་བདུན་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཡོ་རོབ་ཀྱི་ས་ཁུལ་མང་དག་ཅིག་ཏུ་ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་སྐོར་གོ་རྟོགས་སྤེལ་རྒྱུའི་ལས་འཆར་ཞིག་སྤེལ་ཡོད་པ་དང་། ལས་འཆར་དེའི་ཁྲོད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་དང་རྩིས་པ་ཕུར་བུ་སྒྲོལ་མ་ལགས་རྣམ་གཉིས་ནས། ས་ཁུལ་དེ་དག་གི་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་་མི་སྣ་དང་མཇལ་འཕྲད་ཀྱིས།བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་བཞིན་པའི་སྐོར་སྙན་གསན་ཞུས་འདུག

འདི་ཚེས་ ༢༡ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལས་འཆར་དེའི་ཆ་ཤས་སུ་ལྟེ་གནས་ཁང་དེ་ཉིད་ནས་ཧྥ་རན་སི་དང་ཛུ་རིག སྦར་ལིན། ལོན་ཌོན། ཇར་མ་ནི་སོགས་སུ་གནས་བཞུགས་བོད་མི་རྣམས་ལ། རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྤེལ་བཞིན་པར་གདོང་ལེན་གནང་ཕྱོགས་ཀྱི་ལམ་སྟོན་ཟབ་སྦྱོང་ཞིག་ཕུལ་ཡོད་ཅིང་། སྐབས་དེར་ས་ཁུལ་དེ་དག་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་དོན་ཞུ་གཏུག་ཚན་པ་སོགས་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་མི་ཉུང་བ་ཞིག་ནས་མཉམ་ཞུགས་གནང་ཡོད་སྐོར་སོགས་འཁོད་འདུག་ལ། དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ངོས་ནས་ ཟླ་ ༢ པའི་ནང་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྐོར་སྙན་ཐོ་འདོན་སྤེལ་གནང་ཡོད་པ་དེའི་བརྒྱུད། བོད་པའི་སྤྱི་ཚོགས་ཁྲོད་གནད་དོན་དེའི་ཐད་གོ་རྟོགས་སྤེལ་རྒྱུ་གལ་ཆེན་མཐོང་བར་བརྟེན་དེར་གདོང་ལེན་གནང་ཕྱོགས་སྐོར་ཟབ་སྦྱོང་ཕུལ་བ་ཡིན་ཞེས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། མ་ཟད་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ Society for Threatened Peoples ནས་ཡིན་པའི་ Selina Morell ལགས་ཀྱིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་གནང་བའི་ཟབ་སྦྱོངདེས་ Switzerland ནང་ཡོད་པའི་བོད་མི་ཕལ་ཆེ་བར་དེ་སྔ་གོ་རྟོགས་ཞན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་སྐོར་གོ་རྟོགས་བཟང་པོ་སྤེལ་ཐུབ་སོང་ཞེས་གསུངས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།















བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎