བོད་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་དང་རྒྱ་གཞུང་དང་བསམ་ཚུལ་མི་མཐུན་པ་ཚོའི་སྟེང་བཙན་གནོན་ཤུགས་ཆེར་བྱེད་བཞིན་པའི་ཐད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྙན་ཐོ་འདོན་སྤེལ།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༦ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱི་འགོ་ཁྲིད་འོག བོད་ནང་གཏམ་བརྗོད་རང་དབང་བཀག་སྡོམ་དང་རྒྱ་ནག་གཞུང་དང་བསམ་ཚུལ་མི་མཐུན་པ་ཚོའི་སྟེང་བཙན་གནོན་ཤུགས་ཆེར་བྱེད་བཞིན་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། ལྟེ་གནས་ཁང་དེའི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ནས། ཐེངས་འདིའི་སྙན་ཐོའི་ནང་གཙོ་ཆེ་ཤོས་རྒྱ་ནག་གཞུང་གིས་བོད་ཀྱི་དྲ་ལམ་དུ་གཏམ་བརྗོད་རང་དབང་དང་བོད་ཀྱི་སྐད་ཡིག་རྩ་མེད་ཀྱི་སྲིད་ཇུས་བཟུང་སྟེ། དཔེར་ན་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་འབུམ་པ་རྒྱལ་ལགས་ནས། བོད་ཡིག་དྲ་རྒྱ་ཁྱབ་རྒྱ་ཆེན་པོ་ཞིག་བཟོས་པར་བརྟེན་ནས། ཕྱི་ལོ་ ༢༠༢༢ ནས་བཟུང་ཁོང་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་ལྟེ་གནས་ཁང་གིས་གསར་དུ་སྙན་ཐོའི་ནང་འཁོད་པའི་མཚོན། རྩོམ་པ་པོ་དང་སྒྱུ་རྩལ་བ། དྲ་ཐོག་ལས་དོན་པ་དང་དགེ་འདུན་པ་སོགས་མདོར་ན་རྒྱ་ནག་གཞུང་དང་བསམ་ཚུལ་མི་མཐུན་པ་དང་འདོན་མཁན་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་མཁན་སོགས་བོད་མི་སེར་སྐྱ་ཉི་ཤུ་ལྷག་བཙོན་ཁང་དུ་ཚུད་པའི་གནས་ཚུལ་བཀོད་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིའི་སྙན་ཐོའི་ནང་གཙོ་བོ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གྱི་དབང་སྒྱུར་འགོ་ཁྲིད་འོག བོད་ནང་གི་ཤེས་ཡོན་པ་དང་སློབ་གསོ་བའི་སྡེ་ལ་དམ་དྲག་དང་འཛིན་བཟུང། བཀག་ཉར་དང་ཤེས་ཡོན་པ་མང་པོ་འཛིན་བཟུང་བྱས་པའི་ཁྲོད། གསེར་རྟ་རྫོང་ནས་ཡིན་པའི་རྩོམ་པ་བོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་སུ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་འཛུགས་ཀྱིས་ལོ་ངོ་བཅུ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། རྔ་བ་རྫོང་གི་རྩོམ་པ་བོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ། རྒྱལ་ཁབ་ཁ་བྲལ་གྱི་ཉེས་པ་བཙུགས་ནས་ལོ་བཅུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ། རོང་པོ་དགེ་འདུན་ལྷུན་གྲུབ་ལ་ལོ་བཞིའི་བཙོན་ཐག་བཅད་པ་དང་ངྷི་ལྷ་ལྡན་ལགས་སུ་ལོ་བཞིའི་བཙོན་ཐག་བཅད་པ་སོགས། བོད་མི་སེར་སྐྱ་མང་པོ་ཞིག་ད་དུང་མུ་མཐུད་རྒྱ་ནག་གི་བཙོན་ཁང་དུ་ཡོད་པ་སོགས་བཀོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༢ ལོར་སྲིད་འཛིན་གྱི་དབང་ཆ་བཟུང་བ་ནས་བཟུང་། རྒྱ་ནག་ནང་དྲ་རྒྱ་དང་བརྡ་འཕྲིན་གྱི་བརྒྱུད་ལམ་སྟེང་དམ་དྲག་དང་བཀག་སྡོམ་ཤུགས་ཆེ་བྱས་ཡོད་པ་དང་ཕྱོགས་མཚུངས། བོད་ནང་དུའང་རྒྱ་ནག་གཞུང་གིས་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་དང་། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས། རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱིར་བསྒྲགས་མི་ཆོག་པ་དང་འབྲེལ་ཁྲིམས་སོགས་ལག་ཆ་བྱས་ཏེ། དྲ་ལམ་དང་བརྡ་འཕྲིན་གྱི་བརྒྱུད་ལམ་ཡོངས་རྫོགས་སུ་རང་དབང་གི་བསམ་ཚུལ་སྤེལ་བ་དང་། ལྷག་པར་རྒྱ་ནག་གཞུང་དང་བསམ་ཚུལ་མི་མཐུན་པ་འཛིན་མཁན་གྱི་བོད་མི་ཚོར་རྒྱལ་ཁབ་ཁ་བྲལ་རིང་ལུགས་པ་སོགས་ཀྱི་ཉེས་པ་བཙུགས་ཏེ་འཛིན་བཟུང་དང་། གང་བྱུང་ལོ་མང་བཙོན་འཇུག་གི་ཁྲིམས་གཅོད་བྱེད་བཞིན་པ་སོགས་གསལ་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་སྙན་ཐོ་དེར་འཁོད་པ་གཞིར་བཟུང་ན། དེང་སང་རྒྱ་ནག་གཞུང་གིས་བོད་མི་ཚོས་དངོས་སུ་ངོ་རྒོལ་ལས་འགུལ་སྤེལ་བར་དྲག་གནོན་ཚབས་ཆེན་བྱས་ཏེ། གཏམ་བརྗོད་རང་དབང་གི་གོ་སྐབས་མེད་པར་བཟོ་བཞིན་པ་མ་ཟད། དྲ་ལམ་དུའང་བཀག་སྡོམ་སྣ་ཚོགས་ཀྱིས་བསམ་ཚུལ་འདོན་སའི་རང་དབང་མེད་པ་དང་། ཕྱི་ལོ་ ༢༠༢༢ ལོར་ལྷ་སར་ངོ་རྒོལ་བྱུང་བར་བོད་མི་ཉིས་བརྒྱ་བརྒལ་བ་འཛིན་བཟུང་བྱས་པ་སོགས་སྙན་ཐོའི་ནང་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།